གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགོངས་འདུ་དང་ སི་ལམ་སྦིས་ལུ་ བང་ཅུང་འཐག་ནིའི་སྲོལ་ ཉམས་འགྱོ་དོ་ཡོདཔ།


བག་ལ་གཡུས་ཚན་ལས་ བང་ཅུང་འཐག་མི་ ཀུན་བཟང་།


ཚེ་རིང་རྣམ་རྒྱལ།

༉ མོང་སྒར་རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ དགོངས་འདུ་དང་ སི་ལམ་སྦིས་ལུ་ བང་ཅུང་འཐག་ནིའི་སྲོལ་ ཉམས་འགྱོ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
དགོངས་འདུ་རྒེད་འོག་ནང་འབད་བ་ཅིན་ འདས་པའི་ལོ་༥ དེ་ཅིག་གི་ ཧེ་མ་དང་ཕྱདཔ་ད་ ད་རེས་ ཚར་བཟོའི་ཐོན་སྐྱེད་ཚུ་ བརྒྱ་ཆ་༨༠ དེ་ཅིག་ མར་བབས་སོང་ནུག་ཟེར་ གཡུས་སྒོའི་རྒས་ཤོས་ཚུ་གིས་ བཤདཔ་ཨིན་པས།

དེ་སྦེ་ མར་ཉམས་འགྱོ་དགོ་མི་དེ་ཡང་ དང་པ་ བང་ཅུང་འཐག་ནིའི་དོན་ལུ་ ལག་ལེན་འཐབ་མི་ ཚར་ངོ་མ་ཚུ་ བསྡུ་ལེན་འབད་བར་ ས་ཐག་རིང་སར་ འགྱོ་དགོ་པའི་ཁར་ གཉིས་པ་ཟེརཝ་ད་ བང་ཅུང་འཐག་ནིའི་ལཱ་དེ་ དུས་ཡུན་ལེ་ཤ་ འགོར་མི་ལུ་བརྟེན་ཨིན་པས།
ཚད་དང་ལྡན་པའི་ བང་ཅུང་འཐག་ནི་ལུ་ ཉིནམ་༣ དེ་ཅིག་ འགོར་དོ་ཡོདཔ་ད་ ཧེ་མ་ བང་ཅུང་ཆ་གཅིག་ལུ་ གོང་ཚད་དངུལ་ཀྲམ་༡༠༠ རེ་སྦེ་ བཙོང་དོ་ཡོད་མི་དེ་ ད་རེས་ནངས་པ་ དངུལ་ཀྲམ་༡༥༠ ལུ་ ཡར་སེང་འབད་ཡོད་རུང་ ཁེ་ཕན་གངམ་ མིན་འདུག་ཟེར་ གཡུས་མི་ཚུ་གིས་ སླབ་ཨིན་པས།
གཡུས་ཚན་ནང་ བང་ཅུང་འཐག་སྲོལ་ ཉམས་འགྱོ་བའི་གནད་དོན་གཅིག་ ད་རེས་ནངས་པ་ རྒེད་འོག་ལྟེ་བ་དང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ གོང་འཕེལ་གྱི་ འཆར་གཞིའི་ལཱ་ཚུ་ ལེ་ཤ་ཅིག་ར་ ལྷོད་ནི་དེ་གིས་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ཁག་འབགཔ་ཚུ་གི་འོག་ལུ་ ལཱ་འབད་བ་ཅིན་ ཉིན་བསྟར་གླ་ཆ་ དངུལ་ཀྲམ་༣༠༠ རེ་ ཐོབ་དོ་ཡོདཔ་ལས་ ཚར་བཟོའི་ལཱ་འབད་མི་དང་ཕྱདཔ་ད་ འོང་འབབ་འདི་དྲག་པས་ཟེར་ཨིན་པས།
བག་ལ་གཡུས་ཚན་ནང་ལས་ སྐྱེས་ལོ་༥༣ འབད་མི་ ཀུན་བཟང་གིས་ སླབ་མིའི་ནང་ བང་ཅུང་དེ་ དང་ཕུ་ ཕམ་ཚུ་གི་སྐབས་ལས་ར་ འཐག་དོ་ཡོདཔ་མ་ཚད་ གཡུས་མི་ཚུ་ལུ་ འོང་འབབ་ཀྱི་འབྱུང་ཁུངས་ གཙོ་ཅན་ཅིག་ཨིན་རུང་ ད་རེས་ནངས་པ་ སྤྲོ་བ་བསྐྱེད་མི་གངམ་ མི་ཐོན་པས་ཟེར་ཨིན་པས།
ད་རེས་ནངས་པ་ སྦང་ཅུང་ཚུ་ དེ་འཕྲོ་ལས་ ཐོབ་མ་ཚུགས་མི་ལུ་བརྟེན་ བང་ཅུང་དགོ་པ་ཅིན་ ཧེ་མ་ལས་ར་ མཁོ་མངགས་འབད་དགོ་པའི་ཁར་ ཏི་རུ་ཡང་ སྔོན་བྱིན་སྤྲོད་དགོ་པས་ཟེར་ཨིན་པས།
དགོངས་འདུ་རྒཔོ་ དཀོན་མཆོག་ཚེ་རིང་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ རྒེད་འོག་ནང་ མི་སེར་མང་ཤོས་ར་ ཚར་བཟོའི་ལཱ་ལུ་བརྟེན་ འོང་འབབ་བཟོ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཚར་བཟོའི་ལཱ་ལུ་ དང་འདོད་བསྐྱེད་མི་ དཀོན་དྲགས་ཅིག་ལུ་ གྱུར་སོ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བང་ཅུང་འཐག་ནིའི་རྒྱུ་ རིང་ཤུ་ཟེར་ སླབ་མི་དེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ ལམ་འགྱོ་དགོ་པའི་ ནགས་ཚལ་ནང་ལས་ ཐོབ་དོ་ཡོདཔ་ལས་ ཉིན་མའི་ལྟོ་བཅིངས་ཏེ་ འགྱོ་དགོཔ་མ་ཚད་ ཚོན་གཏང་ནི་དང་ འཐག་པའི་སྐབས་ལུ་ ཉིནམ་༢ དེ་ཅིག་ འགོར་དོ་ཡོདཔ་ལས་ གཡུས་མི་ཚུ་གིས་ དང་འདོད་མ་བསྐྱེད་པའི་ གནད་དོན་གཅིག་ དེ་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
བང་ཅུང་ཚུ་ཡང་ ཆེ་ཆུང་སྒྲིག་སྟེ་ ལྷམ་པ་མ་འདྲཝ་༥ དེ་ཅིག་ འཐག་སྲོལ་ཡོདཔ་ད་ རྒཔོ་དཀོན་མཆོག་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ དགོངས་འདུ་རྒེད་འོག་ནང་འབད་བ་ཅིན་ དག་ས་དང་ བག་ལ་ དེ་ལས་ དགོངས་འདུ་གཡུས་ཚན་༣ ནང་ ཧེ་མ་དང་ཕྱདཔ་ད་ གཏན་འཇགས་སྦེ་ ཐགས་འཐག་མི་༢༠ དེ་ཅིག་ལས་ མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment