༉ སཱུན་ཀོཤ་ལུ་ གློག་མེ་ལས་འགུལ་དང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ དེ་ལས་ རྩ་རང་ལུ་ ལྕགས་ཟམ་བཟོ་སྐྲུན་འབད་མི་ལུ་བརྟེན་ འགྲམ་ཕུག་ཁྲོམ་དེ་ མ་རྩ་གཞི་བཙུགས་ཀྱི་དོན་ལུ་ འོས་ལྡན་ཅིག་ལུ་ འགྱུར་ནི་ཨིན་པས།
དེ་གིས་ ལས་འཛིན་དང་ སྒེར་སྡེ་ དཔེ་འབད་བ་ཅིན་ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་གཞུང་ཉེན་བཙོལ་ཚད་འཛིན་ འབྲུག་གི་དངུལ་ཁང་ བཀྲིས་དངུལ་ཁང་ཚུ་ གཞི་བཙུགས་འབད་ཡོད་པའི་ནང་ལས་ ད་རུང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཡིག་ཚང་ཡང་ ད་རིས་ལས་ སྒོ་ཕྱེ་ནི་ཨིན་པས།
ཡན་ལག་ཡིག་ཚང་དེ་གིས་ རྩི་རང་གི་ མི་སེར་རྐྱངམ་གཅིག་མེན་པར་ དར་དཀར་ནང་གི་ མི་སེར་ཚུ་གི་དོན་ལུ་ཡང་ ཞབས་ཏོག་གང་དྲག་ བྱིན་ནི་ཨིན་པས།
རྩི་རང་འགྲམ་ཕུག་ལུ་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཡན་ལག་ཡིག་ཚང་ སྒོ་ཕྱེ་མི་ལུ་བརྟེན་ དར་དཀར་ནང་དང་ རྩི་རང་གི་མི་སེར་ཚུ་ སྐྱིན་འགྲུལ་ཚུ་ ལེན་ནིའི་དོན་ལུ་ དགེ་ལེགས་ཕུག་ལུ་ འགྱོ་མི་དགོ་ནི་ཨིན་པས།
ཡན་ལག་ཡིག་ཚང་གི་ འཛིན་སྐྱོང་པ་ སུར་ཇ་མཱན་ སཱ་མལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྩི་རང་ལུ་ ཡན་ལག་ཡིག་ཚང་ སྒོ་ཕྱེ་ནི་དེ་ ཧེ་མ་ལས་ར་ འཆར་གཞི་ཡོད་དེ་འབད་རུང་ མ་རྩ་ རྒྱ་ཆེ་དྲགས་སྦེ་ བཙུག་དགོ་པའི་ཁར་ ལས་བྱེད་པའི་ དཀའ་ངལ་ལུ་བརྟེན་ ཡུན་འགྱངས་ལུས་སོ་ཡི་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ དངུལ་གསོག་འཇོག་དང་ གཏན་འཇགས་གསོག་འཇོག་ལ་སོགས་པའི་ དངུལ་འབྲེལ་ཞབས་ཏོག་ཚུ་ མཁོ་སྤྲོད་འབད་ནི་ཨིན་པས།
རྩི་རང་འགྲམ་ཕུག་ལུ་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཡན་ལག་ཡིག་ཚང་ སྒོ་ཕྱེ་མི་དེ་བརྩིསཝ་ད་ རྒྱལ་ཁབ་ནང་ ཡན་ལག་ཡིག་ཚང་༡༡ ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment