གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཟ་སྤྱོད་ལས་འཛིན་གྱིས་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་འགོ་འདྲེན་འཐབ་ནི།



ཉི་མ་དབང་འདུས།

༉ སོ་ནམ་ལྷན་ཁག་གིས་ སྤྱི་ལོ་༢༠༡༠ ཚུན་ དབྱར་རྩྭ་དགུན་འབུབ་ཀྱི་ ཉོ་བཙོང་འཐབ་མི་ཚུ་གི་བར་ན་ རིན་བསྡུར་འགོ་འདྲེན་འཐབ་ཐོག་ལས་ ཆ་རོགས་འབད་ཡོདཔ་ཨིན་རུང་ ན་ཧིང་ལས་ ཉོ་བཙོང་འཐབ་མི་ཚུ་ ཐད་དཀར་དུ་ འབྲེལ་བ་འཐབ་ཐོག་ལས་ ཚོང་བསྒྱུར་འཐབ་ནི་སྦེ་ བཟོ་ཡོདཔ་ཨིན་པས།
ལམ་ལུགས་དེ་ མོ་བཏབ་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་པའི་སྐབས་ ཉོ་བཙོང་འཐབ་མི་ལ་ལུ་ཅིག་གིས་ བྱ་སྟབས་མ་བདེཝ་མཐོང་མི་ལུ་བརྟེན་ ད་རུང་ དུས་ཅི་ལས་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ རིན་བསྡུར་འགོ་འདྲེན་འཐབ་ནི་ཨིན་པས།


དེ་ཡང་ ཁ་ཙ་ ཐིམ་ཕུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་ མི་སྡེ་འགོ་ཁྲིདཔ་དང་ ཕྱིར་ཚོང་འཐབ་མི་ དེ་ལས་ སོ་ནམ་ལྷན་ཁག་གི་ འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ གྲོས་ཐག་བཅད་མི་དང་འཁྲིལ་ཏེ་ཨིན་པས།
ཕྱིར་ཚོང་འཐབ་མི་ པ་སངས་རྡོ་རྗེ་གིས་ ཧེ་མ་ བཙོང་མི་དང་ ཉོ་མི་ཚུ་ ཐད་ཀར་དུ་ཕྱད་དེ་ ཚོང་འབྲེལ་འཐབ་པའི་སྐབས་ ཁེ་སང་མང་ཤོས་ བར་ནིའི་མི་ཚུ་གིས་ བཟའ་དོ་ཡོདཔ་མ་ཚད་ ཉོ་མི་ཚུ་དང་གཅིག་ཁར་ ཆ་རོགས་ལེ་ཤ་འོང་དོ་ཡོདཔ་ལས་ ཉེན་སྲུང་གི་ མ་དངུལ་ གཅིག་མཚུངས་ཐོག་ མི་ལེ་ཤ་ཅིག་གིས་ འབུབ་ཚུ་ཉོ་འབག་འགྱོ་བའི་ ཉེན་ཁ་འདུག་ཟེར་སླབ་ཅི།
ནཱ་རོ་རྒཔོ་ དབང་ཕྱུག་གིས་འབད་བ་ཅིན་ ན་ཧིང་གི་ ལམ་ལུགས་དེ་ར་ དྲག་པས་ཟེར་ཨིནམ་ད་ རིན་བསྡུར་ལམ་ལུགས་དེ་ ངེས་པར་དུ་ ལག་ལེན་འཐབ་དགོཔ་སྦེ་མེན་པར་ རྒེད་འོག་རང་སོའི་ བློ་འདོད་དང་འཁྲིལ་ཏེ་ འབད་ཆོགཔ་ཅིག་ཡོད་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་ཟེར་སླབ་ཅི།
དེ་ལུ་ བུམ་ཐང་ཆོས་འཁོར་རྒཔོ་གི་ངོ་ཚབ་ རྒེད་འོག་བདག་སྐྱོང་གིས་ སླབ་མིའི་ནང་ ཧེ་མ་ སོ་ནམ་ལྷན་ཁག་གིས་ རིན་བསྡུར་འབད་བའི་སྐབས་ འབུབ་ཀྱི་སྤུས་ཚད་ཚུ་ ལེགས་ཤོམ་ཡོད་རུང་ རིན་གོང་མཐོ་ཤོས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་འབུམ་༣ ལས་ལྷག་སྟེ་མ་ཐོབ་ད་ ན་ཧིང་ ཉོ་བཙོང་འཐབ་མི་༢ ཐད་ཀར་དུ་ འབྲེལ་བ་འཐབ་སྟེ་བཙོངམ་ད་ ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་འབུམ་༥ རེ་ཐོབ་ཡོདཔ་ལས་ ལམ་ལུགས་དེ་ ལེགས་ཤོམ་འདུག་ཟེར་ སླབ་ཅི།
དེ་བསྒང་ དབྱར་རྩྭ་དགུན་འབུབ་ཉོ་མི་ག་ར་གིས་ རིན་བསྡུར་གྱི་ལམ་ལུགས་དེ་ར་ དགོཔ་སྦེ་སླབ་ཡོདཔ་མ་ཚད་ མི་སྡེའི་འགོ་ཁྲིདཔ་ མང་ཤོས་ཅིག་གིས་ར་ དེ་ལུ་ ངོས་ལེན་འབད་ཡོདཔ་བཞིན་དུ་ མང་མོས་ཐོག་ལས་ ལམ་ལུགས་དེ་ ལོག་འགོ་བཙུག་ནི་སྦེ་ གྲོས་ཐག་བཅད་ཡི།
གྲོས་བསྡུར་གྱི་ གནད་དོན་གཞན་མི་དེ་ ཧེ་མ་འབད་བ་ཅིན་ མི་སེར་ཚུ་གིས་ དབྱར་རྩྭ་དགུན་འབུབ་ཚུ་ རི་ཁ་ལས་ འཐུ་འབག་འོང་བའི་ཤུལ་ལུ་ རིན་བསྡུར་ནང་ ངེས་པར་དུ་ བཙུག་དགོཔ་སྦེ་ར་ཡོདཔ་ད་ རིན་བསྡུར་གྱི་སྐབས་ལུ་ གོང་ཚད་ཚུ་ ཁོང་རའི་ རེ་འདོད་དང་འཁྲིལ་ཏེ་ མ་ཐོབ་རུང་ ལོག་བཏོན་ནི་མེད་མི་དེ་ ད་ལས་ཕར་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ རིན་བསྡུར་འབད་བའི་སྐབས་ སྤུས་ཚད་ལུ་གཞི་བཞག་སྟེ་ གོང་ཚད་དམའ་ཤོས་ཅིག་ བཀོད་བཞག་ནི་དང་ ཉོ་མི་ཚུ་གིས་ གོང་ཚད་དེ་ལུ་ ལྷོད་མ་ཚུགས་པ་ཅིན་ ལོན་བཏོན་ཆོགཔ་སྦེ་ བཟོ་ཡི།
དེ་བཟུམ་སྦེ་ འབུབ་ཚུ་ ལོག་འཐུ་འབག་པའི་ཤུལ་ལུ་ རྫོང་ཁག་གཅིག་གི་ རིན་བསྡུར་ས་ཁོངས་གཞན་ཚུ་ནང་ ལམ་ལུགས་དང་ ཁྲིམས་མཐུན་ཐོག་ ལོག་བཅའ་མར་གཏོགས་ཆོག་ནི་དང་ གལ་སྲིད་ གོང་ཚད་ལེགས་ཤོམ་ རྩ་ལས་ར་ ཐོབ་མ་ཚུགས་པ་ཅིན་ རང་གི་དང་འདོད་དང་འཁྲིལ་ སྤྱོད་ཁྲལ་ཚུ་བཏབ་ཐོག་ལས་ རང་སྤྱོད་ནི་དང་ གཞན་ལུ་ཁྱོསམ་སྦེ་ བྱིན་ཆོག་ནི་ཨིན་རུང་ ནག་ཚོང་འཐབ་པ་ཅིན་ ནགས་ཚལ་གྱི་ཁྲིམས་ལུགས་དང་འཁྲིལ་ཏེ་ ཁྲིམས་བཀལ་ནི་ཨིན་པས།
འབུབ་ཕྱིར་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ དེ་སྦེ་ རིན་བསྡུར་གྱི་སྐབས་ལུ་ ལོག་འཐུ་འབག་ནི་དང་ ཡངན་ གོང་ཚད་ལུ་ལྟ་སྟེ་ བཅའ་མར་མ་གཏོགས་པར་སྡོད་ཆོགཔ་བཟོ་བ་ཅིན་ དབྱར་རྩྭ་དགུན་འབུབ་མང་ཤོས་ཅིག་ར་ རིན་བསྡུར་ནང་ མི་ལྷོད་ཟེར་སླབ་ཡོདཔ་ཨིན་རུང་ སོ་ནམ་ལྷན་ཁག་གི་འགོ་དཔོན་ཚུ་གིས་ གཞུང་ལུ་དགོཔ་དེ་ སྤྱོད་ཁྲལ་དང་ འབུབ་བསྡུ་བསྒྱོམ་འབད་ནི་དེ་ ཡུན་བརྟན་བཟོ་ནི་གཉིས་ཨིནམ་ལས་ གལ་སྲིད་ དེ་ཚུ་ར་ མི་སེར་ཁོང་རང་གིས་སྤྲོད་པ་ཅིན་ མ་བཙོང་པར་ བཞག་མ་ཆོག་པའི་ བཀག་ཆ་ འབད་མི་ཚུགས་ཟེར་ཞུ་ཡི།
ཁྲིམས་ལུགས་དང་འཁྲིལཝ་ད་ གལ་སྲིད་ ནག་ཚོང་འཐབ་པ་ཅིན་ དེ་ལུ་ ཉེས་ཁྲིམས་ཚུ་ཡང་ སྦོམ་སྦེ་ར་ཡོདཔ་ད་ སྤྱོད་ཁྲལ་དེ་ཡང་ འབུབ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༧,༠༠༠ རེ་ ཕོགཔ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཉེན་སྲུང་མ་དངུལ་ དངུལ་ཀྲམ་འབུམ་༥ བཙུག་དགོཔ་མི་དེ་ ད་ལས་ཕར་ འབུམ་༡༠ ལུ་ ཡར་སེང་གནང་དགོ་པའི་སྐོར་ལས་ ཞུ་བ་འབད་ཡོདཔ་ད་ དེ་ལུ་ མི་སེར་ཚུ་གིས་འབད་བ་ཅིན་ ཉེན་སྲུང་མ་དངུལ་དེ་ ཡར་སེང་འབད་མི་དེ་ཡང་ དབྱར་རྩྭ་དགུན་འབུབ་ཀྱི་ཚོང་འབྲེལ་དེ་ ད་ལྟོ་ཡོད་པའི་ཚོང་པ་ཚུ་ ཁོང་རང་གིས་ར་ འགོ་འདྲེན་འཐབ་ཏེ་ གཞན་མི་ཚོང་པ་ཚུ་ བཅའ་མར་གཏོགས་མི་བཅུག་ནིའི་དོན་ལུ་ ཨིན་མས་ཟེར་ཞུ་ཡི།
ཨིན་རུང་ ཡར་སེང་དེ་ལུ་བརྟེན་ གཞུང་དང་མི་སེར་ཚུ་ལུ་ ཕན་པ་སྦོམ་ཡོདཔ་ལས་ ལྷན་ཁག་གི་འགོ་དཔོན་ཚུ་གིས་ དེ་ལུ་ འགག་པ་རྐྱབ་དགོཔ་མིན་འདུག་ཟེར་སླབ་ཅི།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རིན་བསྡུར་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཞབས་ཏོག་གི་ཁྲལ་དུམ་གྲ་རེ་ ཕོག་ནི་ཨིནམ་ད་ དེ་ཡང་ འབུབ་ཉོ་མི་ཚུ་གིས་བཏབ་ནི་དང་ གཞན་འབད་བ་ཅིན་ བཙོང་མི་ཚུ་ལུ་ཕོག་ནི་ཨིན་པའི་སྤྱོད་ཁྲལ་ འབུབ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༧,༠༠༠ འབད་མི་དེ་ཡང་ ཧེ་མ་ལས་ མོས་མཐུན་བྱུང་ཡོདཔ་བཟུམ་སྦེ་ ཉོ་མི་ཚུ་གིས་ར་ བཏབ་ནི་སྦེ་བཞག་ཡི།
ད་ལྟོའི་གནས་སྟངས་ནང་ དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་གིས་ ཆོག་ཐམ་རེ་ལུ་ ཁྲལ་དངུལ་ཀྲམ་༢༥༠ རེ་ སྤྲོད་དོ་ཡོད་མི་དེ་ཡང་དངུལ་ཀྲམ་༣༡༠ ལུ་ ཡར་སེང་འབད་ཡོདཔ་ད་ རྒེད་འོག་ཚུ་གིས་ འབྱོར་རྟགས་ཀྱི་འཐུས་དངུལ་ཀྲམ་༡༠ བཏོགས་བཞག་པའི་ཤུལ་ལུ་ ལྷག་ལུས་ཀྱི་ བརྒྱ་ཆ་༥༠ ནགས་ཚལ་ལྷན་ཁག་གི་ བློ་གཏད་མ་དངུལ་ནང་ བཙུག་དགོཔ་སྦེ་ གྲོས་ཐག་བཅད་ཡི།
དེ་གི་སྐབས་ལུ་ རྒཔོ་མང་ཤོས་ཅིག་གིས་ ཏི་རུ་ཚུ་ ཁོང་རའི་ རྒེད་འོག་གི་རྩིས་ཁྲའི་ནང་ར་ བཞག་དགོཔ་སྦེ་ཞུ་ཡོདཔ་་ཨིན་རུང་ ལྷན་ཁག་གི་འགོ་དཔོན་ཚུ་གིས་ ལོག་ཅི་ར་ ཨུ་ཚུགས་བསྐྱེད་མི་ལུ་བརྟེན་ གྲོས་འཆམ་བྱུང་ཡི།
ཨིན་རུང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རིན་བསྡུར་ཚུ་ ག་དེ་སྦེ་ར་ འགོ་འདྲེན་འཐབ་ནི་ཨིན་ནའི་སྐོར་ལས་ བྱ་སྒོའི་ལམ་ལུགས་ཚུ་ ལེགས་ཤོམ་སྦེ་བཟོ་ཐོག་ལས་ ལོག་སྟེ་ར་ མི་སྡེའི་འགོ་ཁྲིདཔ་དང་ ཕྱིར་ཚོང་འཐབ་མི་ཚུ་ལུ་ གྲོས་བསྟུན་གྱི་དོན་ལུ་ བཙུག་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན།
ལྷན་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ལྟོ་གྲོས་ཐག་བཅད་མི་ཚུ་ ལེགས་ཤོམ་སྦེ་ འགྱོ་མ་བཏུབ་རུང་ ཤུལ་ལས་ བསྒྱུར་བཅོས་དང་ ལེགས་བཅོས་ཚུ་འབད་ནིའི་ གོ་སྐབས་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།

No comments:

Post a Comment