གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་སྐྱིན་འགྲུལ་ སྐུགས་ཚད་དང་འཁྲིལ་དགོཔ་འདུག་ག?


བསམ་གཏན་ཡེ་ཤེས།

༉ ན་ཧིང་ སྤྱི་ཟླ་༡༠ པ་ལས་ འགོ་བཙུགས་ཏེ་ རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱིས་ སློབ་ཕྲུག་ཚུ་གི་དོན་ལུ་ ཤེས་ཡོན་སྐྱིན་འགྲུལ་ བྱིན་མི་དེ་གིས་ ཕན་ཐོགས་བྱུང་ཡོདཔ་ཨིན་རུང་ ད་རེས་ ཚད་གཞི་བསྒྱུར་བཅོས་འབད་མི་དེ་གིས་ སློབ་ཕྲུག་ལེ་ཤ་ཅིག་ར་ འཕྲོ་མཐུད་ཤེས་ཡོན་སྦྱང་ནི་གི་ གོ་སྐབས་ཐོབ་མ་ཚུགས་པར་ ཡོདཔ་ཨིན་པས།
དེ་ཡང་ མ་འོངས་པ་ལུ་ སློབ་ཕྲུག་ཚུ་ ཤེས་ཡོན་མཐར་འཁྱོལ་ཞིནམ་ལས་ ལཱ་གཡོག་གི་གོ་སྐབས་ ག་དེ་སྦེ་འོང་ག་ མ་ཤེསཔ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ ཉེན་ཁ་ཡོད་མི་ལུ་བརྟེན་ སྐྱིན་འགྲུལ་གྱི་ ཚད་གཞི་བསྒྱུར་བཅོས་འབད་ཡི་ཟེར་ སྐྱིན་འགྲུལ་ལས་རིམ་གྱི་འགོ་དཔོན་ མཚོ་སྐྱིད་ལྷ་མོ་གིས་ སླབ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡ ལས་ ཤེས་ཡོན་སྐྱིན་འགྲུལ་གྱི་དོན་ལུ་ སློབ་ཕྲུག་ཚུ་གིས་ སྐུགས་ཚད་བརྒྱ་ཆ་༦༠ ཐོབ་དགོ་པའི་ཁར་ ཕམ་དང་སྤུན་ཆ་ཚུ་གི་ ས་ཆ་གཏའ་མར་ བཙུག་དགོཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ཤེས་ཡོན་སྐྱིན་འགྲུལ་ལེན་ནིའི་དོན་ལུ་ ས་ཆ་གཏའ་མར་ བཙུག་མ་དགོ་པའི་ཁར་ སྐུགས་ཚད་ཀྱི་ ཚད་གཞི་ཡང་མེདཔ་ལས་ སྟབས་བདེ་ཏོག་ཏོ་ཡོདཔ་ཨིན་པས།
རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ བསྒྱུར་བཅོས་འབད་མི་དེ་ གཙོ་བོ་ར་ སློབ་ཕྲུག་ལེ་ཤ་གིས་ ཤེས་ཡོན་སྐྱིན་འགྲུལ་ལེན་དོ་ཡོདཔ་ཨིན་རུང་ ག་ར་གིས་ ཤུལ་ལས་ ལཱ་གཡོག་གི་གོ་སྐབས་ ཐོབ་ཚུགས་པའི་ ངེས་པ་མེདཔ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ ཉེན་ཁ་ཡོདཔ་ལས་ སྐྱིན་འགྲུལ་གྱི་ ཚད་གཞི་བསྒྱུར་བཅོས་འབདཝ་མ་གཏོགས་ རྒྱ་གར་གི་ཏི་རུ་ རུ་པིའི་དཀའ་ངལ་ སེལ་ཐབས་ཀྱི་དོན་ལུ་ མེན་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལཝ་ད་ ཤེས་ཡོན་སྦྱང་ནིའི་དོན་ལུ་ རུ་པི་གི་ མཁོ་འདོད་བཀོད་མི་ལུ་ བཀག་ཆ་མེད་ཟེར་ཨིནམ་ད་ སྐྱིན་འགྲུལ་གྱི་ ཚད་གཞི་བསྒྱུར་བཅོས་འབད་མི་དེ་གིས་ རུ་པི་གི་དཀའ་ངལ་ བསལ་ནིའི་དོན་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
སྐྱིན་འགྲུལ་ཐོབ་མི་ མང་ཤོས་ར་ རྒྱ་གར་ལུ་ དཔེ་ཆ་ལྷབ་པར་ འགྱོ་དོ་ཡོདཔ་ལས་ བསྒྱུར་བཅོས་འབད་མི་དེ་གིས་ རྒྱ་གར་ལུ་ཤེས་ཡོན་སྦྱང་མི་ མར་འབབ་འགྱོ་ནི་ཨིན་པས།
ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ཤེས་ཡོན་སྐྱིན་འགྲུལ་འགོ་བཙུགས་ཏེ་ ཟླཝ་༤ དེ་ཅིག་ནང་ སློབ་ཕྲུག་༥༩ དེ་ཅིག་ལུ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡༩ ལྷགཔ་ཅིག་ སྐྱིན་འགྲུལ་བྱིན་ཡོདཔ་ཨིན་པས།
ད་ཚུན་ སློབ་ཕྲུག་༨༦ གྱིས་ ཡོངས་བསྡོམས་སྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༢༦ ལེན་ཏེ་ རྒྱ་གར་ལུ་ མཐོ་རིམ་ཤེས་ཡོན་སྦྱང་པར་ སོང་ཡོདཔ་ཨིན་པས།
ཉིན་བསྟར་བཞིན་དུ་ སློབ་ཕྲུག་དང་ཕམ་༢༠ ལྷགཔ་རེ་ འཚོ་རྟེན་མ་དངུལ་ཡིག་ཚང་ནང་ འོང་དོ་ཡོདཔ་ད་ དེ་ཚུའི་གྲས་ལས་ གཅིག་ གྲུབ་ཆུ་ཨིནམ་ད་ ཁོ་གི་བུམོ་དེ་ སྐུགས་ཚད་བརྒྱ་ཆ་༦༠ མ་ཐོབ་ནི་དེ་གིས་ སྐྱིན་འགྲུལ་ཐོབ་མ་ཚུགསཔ་ཨིན་པས།
རྒྱ་གར་ལུ་ ཤེས་ཡོན་སྦྱང་མི་ འབྲུག་པའི་སློབ་ཕྲུག་ཡོངས་བསྡོམས་༤,༠༠༠ དེ་ཅིག་ ཡོད་མི་ཚུ་གི་གྲས་ལས་༣༠༨ གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཏང་མི་ཚུ་ཨིན་པས།
རྒྱ་གར་ལུ་ འབྲུག་པའི་སློབ་ཕྲུག་མང་རབས་ཅིག་ ཤེས་ཡོན་སྦྱང་མི་དེ་གིས་ རུ་པི་འབོར་ཆེ་དྲགས་སྦེ་ ཕྱི་ཁར་འགྱོ་དོ་ཡོདཔ་ད་ རྒྱ་གར་ལུ་ དཔེ་ཆ་ལྷབ་མི་ མར་འབབ་འགྱོ་བ་ཅིན་ རུ་པི་གི་དཀའ་ངལ་ཡང་ མར་ཕབ་རྐྱབ་ནི་ལུ་ ལྷན་ཐབས་བྱུང་ནི་ཨིན་པས།
ལྟ་རྟོག་པ་ལ་ལུ་གིས་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་སེལ་ཐབས་ལུ་ རྒྱལ་ཁབ་ནང་ མཐོ་རིམ་སློབ་གྲྭ་ཚུ་ ལེ་ཤ་གཞི་བཙུག་འབད་དགོཔ་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།


No comments:

Post a Comment