གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པི་བརྗེ་སོར་འབད་ཚུགས་རུང་ ཚ་གྱང་ལངམ་ལང་ས་ར་ཡོདཔ།





ཁ་ཙ་ ཕུན་ཚོགས་གླིང་ལུ་ འབྲུག་གི་དངུལ་ཁང་ནང་ ལས་མགྲོན་པ་ཚུ་གིས་ 
རུ་པི་སོར་ནིའི་དོན་ལུ་ ག་ཐོབ་རྐྱབ་པའི་བསྒང་།

༉ ཁ་ཙ་ཉིན་མ་ ཕུན་ཚོགས་གླིང་ལུ་ འབྲུག་གི་དངུལ་ཁང་གིས་ རྒྱ་གར་གྱི་ཏི་རུ་ རུ་པི་བརྗེ་སོར་འབད་ནི་ འགོ་བཙུགས་པའི་སྐབས་ལུ་ འབྲུག་མི་༢༠༠ ལྷགཔ་ཅིག་གིས་ དངུལ་ཁང་ནང་ ག་ཐོབ་རྐྱབ་སྟེ་ འོང་ཡོདཔ་ཨིན་པས།

དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་བརྗེ་སོར་གྱི་ ཆོག་ཚད་བཟོ་མི་དང་འཁྲིལ་ དངུལ་ཁང་གིས་ འབྲུག་མི་ཚུ་དང་ འབྲུག་ལུ་ ལཱ་འབད་ནི་གི་ ཆོག་ཐམ་འཆང་མི་ ཕྱིའི་ལས་མི་ཚུ་ལུ་ དངུལ་ཀྲམ་༡༠,༠༠༠ རེ་ བརྗེ་སོར་འབད་བཅུག་ཡོདཔ་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དུས་ཡུན་ཆུ་ཚོད་༣ གྱི་ནང་འཁོད་ལུ་ མི་༢༠༠ དེ་ཅིག་ལུ་ རུ་པི་ས་ཡ་༢ སྤྲོད་ཡོདཔ་ད་ རུ་པི་སོར་བར་འོང་མི་ བརྒྱ་ཆ་༦༠ དེ་ཅིག་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་ཨིན་པས།
འབྲུག་མི་ཚུ་གིས་ སླབ་མིའི་ནང་ ཁོང་ལུ་ རུ་པི་དགོ་མི་དེ་ཡང་ ཇའི་སྒང་ལས་ ཉེར་མཁོའི་ཅ་ཆས་ དཔེར་ན་ ཆུམ་དང་ མར་ ཚོད་བསྲེ་ཚུ་ ཉོ་ནིའི་དོན་ལུ་ཨིན་མི་དེ་ཡང་ ཇའི་སྒང་གི་ ཚོང་པ་ཚུ་གིས་ དངུལ་ཀྲམ་ལེན་ནི་ མཚམས་འཇོག་འབད་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
རུ་པི་བརྗེ་སོར་འབད་མི་ ལ་ལུ་ཅིག་ སློབ་ཕྲུག་ཨིནམ་ད་ སྐྱེས་ལོ་༢༣ ལང་མི་ ཡེ་ཤེས་བཟང་མོ་གིས་ སླབ་མིའི་ནང་ ད་རེས་ རུ་པི་༡༠,༠༠༠ ཐོབ་ཚུགས་ཡོད་རུང་ འབྲུག་ལུ་ རུ་པི་ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ ནངས་པ་གནངས་ཚེས་ རྒྱ་གར་ལུ་ མཐོ་རིམ་སློབ་གྲྭ་ནང་འགྱོཝ་ད་ སློབ་གྲྭའི་འཐུས་ཚུ་ ཐོགས་མི་ལུས་ག་ཟེར་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ལ་ལུ་ཅིག་གིས་ སྨན་བཅོས་ཀྱི་དོན་ལུ་ རུ་པི་ལེན་ཡོདཔ་ད་ ང་གིས་ དུས་ཡུན་ཆུ་ཚོད་༣ བསྒུགས་སྡོད་པའི་ཤུལ་ལུ་ རུ་པི་༡༠,༠༠༠ ཐོབ་ཡོདཔ་ཨིན་རུང་ དེ་གིས་ འགྲོ་འགྲུལ་གྱི་ ཟད་འགྲོ་ཡང་ ག་དེ་སྦེ་ ལང་འོང་ག་ཟེར་ དོགས་པ་ཡོད་ཟེར་ འབྲུག་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཅིག་གིས་ བཤདཔ་ཨིན་པས།
ད་རེས་ཀྱི་ གནས་སྟངས་ལུ་བལྟ་སྟེ་ དབུགས་འགམ་མི་ ལས་མགྲོན་པ་གཞན་ཅིག་གིས་ སླབ་མིའི་ནང་ ནང་འཁོད་ཀྱི་ མི་ཚུ་གིས་ ཆུམ་ཚུ་ འབྲུག་གི་ཁྲོམ་ཁ་ལས་ ཉོ་ཚུགས་ནི་ཨིནམ་ལས་ ཨིན་ཅི་མིན་ཅི་ ཇའི་སྒང་ལུ་ འགྱོ་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ བཟའ་ཆས་ཚོང་ཁང་བརྒྱ་ལས་བཅད་དེ་ཡོདཔ་ལས་ མི་ཚུ་གིས་ རྒྱགས་སྐལ་ཚུ་ ཉོ་ནིའི་དོན་ལུ་ རུ་པི་དགོཔ་སྦེ་སླབ་ད་ རྣམ་རྟོག་ལངམ་མས་ཟེར་ སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་ཅིག་གིས་ བཤད་པའི་ཁར་ འབྲུག་མི་ཚུ་གིས་ རྒྱལ་ཁབ་ཀྱི་ གནས་སྟངས་སྐོར་ལས་ ཧ་གོ་ཐབས་འབད་དེ་ ང་བཅས་རའི་ ཚོང་དཔོན་ཚུ་ ཡར་རྒྱས་གཏང་དགོཔ་དེ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ ཨིན་པས།
ཁ་ཙ་ འབྲུག་གི་དངུལ་ཁང་རྐྱངམ་གཅིག་གིས་ རུ་པི་བརྗེ་སོར་འབད་བཅུག་ཡོད་རུང་ ད་རིས་ཉིན་མ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ བཀྲིས་དངུལ་ཁང་ འབྲུག་པཱན་ཇབ་དངུལ་ཁང་༣ གྱིས་ཡང་ ལས་མགྲོན་པ་ཚུ་ལུ་ ཚད་གཞི་དང་འཁྲིལ་ དངུལ་ཀྲམ་དང་ རུ་པི་བརྗེ་སོར་འབད་བཅུག་ནི་ཨིན་པས།
འབྲུག་གི་དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཚོང་འབྲེལ་དངུལ་ཁང་ཚུ་ལས་བརྒྱུད་དེ་ རུ་པི་ག་དེམ་ཅིག་ འགྱོཝ་ཨིན་ན་ ཧ་གོ་ཚུགས་ནིའི་དོན་ལུ་ གློག་རིག་ཀམ་པུས་ཊར་གྱི་ རིམ་ལུགས་གསརཔ་ཅིག་ གཞི་བཙུགས་འབད་བའི་ཤུལ་ལུ་ རུ་པི་སྤྲོད་ནི་ཚུ་ གནས་སྐབས་ཅིག་ མཚམས་འཇོག་འབད་བཞག་མི་དེ་ མེདཔ་བཟོ་ཡོདཔ་ཨིན་པས།
ད་ལས་ཕར་ རྒྱལ་ཁབ་ནང་ཡོད་མི་ དངུལ་ཁང་ཆ་མཉམ་གྱི་ནང་ རུ་པི་སྤྲོད་ལེན་འབད་མི་ཚུ་ གནས་ཐོ་བཞག་མི་ རིམ་ལུགས་ཚུ་ བཙུག་ནི་ཨིནམ་ད་ ཁ་ཙ་ ཕུན་ཚོགས་གླིང་ལུ་ འབྲུག་གི་དངུལ་ཁང་ནང་ བཙུགས་ཡོདཔ་མ་ཚད་ ད་རིས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ ནངས་པ་ བཀྲིས་དངུལ་ཁང་དང་ པཱན་ཇབ་དངུལ་ཁང་ནང་ བཙུག་ནི་ཨིན་པའི་གནས་ཚུལ།


No comments:

Post a Comment