གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབུམ་སྡེ་གླིང་རྒེད་འོག་ནང་ གློག་མེ་བཀྲམ་སྤེལ་གྱི་ ཁག་འབག་ལཱ་སྤྲོད་ཡོདཔ།


ཉི་མ་དབང་འདུས།

༉ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་རྒེད་འོག་ནང་ གློག་མེ་མེད་པའི་ གཡུས་ཚན་ཚུ་ལུ་ གློག་མེ་བཀྲམ་སྤེལ་འབད་ནི་གི་ རིན་བསྡུར་འབད་དེ་ ལཱ་ཚུ་ཁག་འབགཔ་ལུ་ སྤྲོད་ཚར་ཡོདཔ་ལས་ ལཱ་མཇུག་བསྡུ་བའི་བསྒང་ལས་ རྒེད་འོག་གི་ གཡུས་ཚན་ཆ་མཉམ་ནང་ གློག་མེ་ཁྱབ་ཚུགས་ནི་ཨིན་པས།

གློག་མེ་བཀྲམ་སྤེལ་དེ་གིས་ རིགས་གསུམ་དགོན་པ་བརྩིས་ཏེ་ གཡུས་ཚན་༡༠ གྱི་ ཁྱིམ་གུང་༡༨༡ ལུ་ གློག་མེ་འཐོབ་ཚུགས་ནི་ཨིན་པས།
མོང་སྒར་ལུ་ཡོད་པའི་ འབྲུག་གློག་མེ་ལས་འཛིན་གྱི་ གྲོང་གསེབ་གློག་མེ་བཀྲམ་སྤེལ་དང་ བཟོ་སྐྲུན་གོང་འཕེལ་སྡེ་ཚན་གྱི་ འཛིན་སྐྱོང་པ་ ངག་དབང་ཚེ་རིང་གིས་འབད་བ་ཅིན་ རྒེད་འོག་དེ་ནང་ ལཱ་ཁག་༢ ཡོདཔ་ལས་ ཁག་འབགཔ་༢ ལུ་ སྤྲོད་དེ་ཡོད་ཟེར་ཨིན་པས།
དེ་གི་སྐབས་ལུ་ ཅ་ཆས་ཚུ་ འབྲུག་གློག་མེ་ལས་འཛིན་གྱིས་ བཀྲམ་སྤེལ་འབད་ནི་ཨིནམ་ལས་ ཁག་འབགཔ་ཚུ་གིས་ ལས་མི་ཚུ་ རྐྱངམ་གཅིག་མ་གཏོགས་ བཏོན་དགོཔ་མེད་ཟེར་ཨིན་པས།
འབུམ་སྡེ་གླིང་རྒེད་འོག་གི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ཀྱི་ གློག་མེ་བཀྲམ་སྤེལ་དོན་ལུ་ ལམ་བྲག་དང་ ཞ་སྤང་ལུ་༡༥ རེ་དང་ ཆེང་དང་ སྤང་ལི་བ་ དེ་ལས་ སྤང་མཁར་ཚུ་ནང་ ཁྱིམ་གུང་༩ རེ་ ལྟར་འཕེལ་ལུ་༡༦ སློང་མཁར་ལུ་༡༣ དགྲ་དམར་ལུ་༥ བམ་ལྡིར་ལུ་༣༠ དེ་ལས་ འོ་མ་ནང་ལུ་༦༠ ཡོདཔ་ཨིན་པས།
འབུམ་སྡེ་གླིང་རྒཔོ་ ཚེ་རིང་རྒྱལ་མཚན་གྱིས་འབད་བ་ཅིན་ རྒེད་འོག་གི་གཡུས་ཚན་ ཤིང་འཕེལ་ལུ་ ཁྱིམ་གུང་༧ དེ་ཅིག་ཡོདཔ་ཨིན་རུང་ གཡུས་ཚན་དེ་ མཐའ་ཟུར་དང་ ལམ་ཐག་རིང་སར་འབད་ནི་དེ་གིས་ ན་ཧིང་ ཉི་དྲོད་གློག་ཆས་ཚུ་ བཀྲམ་སྤེལ་འབད་དེ་ཡོད་ཟེར་ཨིན་པས།
བཀྲིས་གཡང་རྩེ་ འབྲུག་གློག་མེ་ལས་འཛིན་གྱི་འཛིན་སྐྱོང་པ་ ཨོ་རྒྱན་རྡོ་རྗེ་གིས་འབད་བ་ཅིན་ རྫོང་ཁག་ནང་ རྒེད་འོག་༨ ཡོད་ས་ལས་ ག་རའི་ནང་ གློག་མེ་ཚུ་ བཀྲམ་སྤེལ་འབད་ཚར་ཡོདཔ་ད་ མཇུག་ར་ ད་རེས་ཀྱི་ ལས་འགུལ་ཐོག་ལས་ མཇུག་བསྡུ་ནི་ཨིན་མི་ འབུམ་སྡེ་གླིང་རྒེད་འོག་དེ་ཨིན་ཟེར་སླབ་མས།
ཁོ་གིས་འབད་བ་ཅིན་ ལམ་བྲག་དང་ ཞྭ་སྤང་ སྤང་ལི་བ་ སྤང་མཁར་ ལྟར་འཕེལ་ སློང་མཁར་ དེ་ལས་ དགྲ་དམར་གཡུས་ཚན་ཚུ་གི་དོན་ལུ་ གློག་མེ་དེ་ ང་ལི་མང་གཡུས་ཚན་ལས་སྦེ་ རྒྱ་བསྐྱེད་འབད་ནི་དང་ བམ་ལྡིར་དང་ འོ་མ་ནང་ལུ་འབད་བ་ཅིན་ གྲོང་གསེབ་གཡུས་ཚན་ནང་ལས་སྦེ་ སྦྲེལ་མཐུད་འབད་ནི་ཨིན་ཟེར་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ མ་དངུལ་རྒྱབ་སྐྱོར་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ བྱིན་ཡོདཔ་ད་ ལཱ་གི་གནས་ཡུན་དེ་ ལོ་༡ གི་རིང་ཨིནམ་སྦེ་ ངག་དབང་ཚེ་རིང་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment