གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་བཀོ་སའི་ཧོད་ བཀྲམ་སྤེལ་གྱིས་ གཙང་སྦྲ་འཕྲོད་བསྟེན་ལུ་ཕན་ཁྱད།


བཀྲམ་སྤེལ་འབད་མི་ ཕྱགས་སྙིགས་བཀོ་སའི་ཧོད།

ཤེས་རབ་བསྟན་འཛིན།
༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུ་ཆུ་བར་ཆུ་དང་ ལྕང་ལམ་ས་ཁོངས་ནང་འཁོད་ཀྱི་ སྒྲིང་ཁྱིམ་ཚུ་ལུ་ རུལ་བཏུབ་དང་ མ་བཏུབ་མི་ ཕྱགས་སྙིགས་བཀོ་སའི་ཧོད་ཚུ་ བཀྲམ་སྤེལ་འབད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ཁྲོམ་ཧིང་སངས་ས་སྦེ་ བཞག་ནིའི་དོན་ལུ་ ཐབས་ལམ་གསརཔ་ཅིག་ཨིན་པས།

རུལ་བཏུབ་མི་ ཕྱགས་སྙིགས་ཀྱི་གྲངས་སུ་ ཤིང་འབྲས་དང་ ཚོད་བསྲེ་ དེ་ལས་ བཞེས་སྒོའི་ལྷག་རོ་ཚུ་ཨིནམ་ད་ རུལ་མ་བཏུབ་མི་ ཕྱགས་སྙིགས་དེ་ གྱིབ་དང་ ལྕགས་ དེ་ལས་ ཤེལ་གྱི་ཅ་ཆས་ཚུ་ཨིན་པས།
ཞབས་ཏོག་དེ་ འགོ་ཐོག་སྤྱི་ལོ་༢༠༡༠ ལུ་ ཁྲོམ་སྡེ་ལས་འཛིན་འོག་གི་ མཐའ་འཁོར་གནས་སྟངས་སྡེ་ཚན་གྱིས་ འགོ་བཙུགས་པའི་སྐབས་ ཆུ་བར་ཆུ་གི་ས་ཁོངས་ནང་ སྒྲིང་ཁྱིམ་༨༠ ཀྱི་དོན་ལུ་ ཕྱགས་སྙིགས་བཀོ་སའི ཧོད་༡༦༠ དེ་ཅིག་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ ལྕང་ལམ་ས་ཁོངས་ ནང་འཁོད་ཀྱི་ སྒྲིང་ཁྱིམ་༢༠ དང་༣༠ དེ་ཅིག་ལུ་ ཕྱགས་སྙིགས་བཀོ་སའི་ཧོད་ཚུ་ བཀྲམ་སྤེལ་འབད་མི་དེ་གིས་ ཁྱིམ་གྱི་མཐའ་འཁོར་ལུ་ གཙང་སྦྲ་དང་ལྡནམ་འབད་ བཞག་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ མཐའ་འཁོར་གནས་སྟངས་སྡེ་ཚན་གྱི་ ལས་འགུལ་འགོ་དཔོན་ བསོད་ནམས་བཀྲིས་ཀྱིས་ སླབ་མིའི་ནང་ ད་ལྟོའི་ གནས་སྟངས་ནང་ ཐིམ་ཕུ་ནང་འཁོད་ལས་ར་ ཉིནམ་རེ་ལུ་ ཕྱགས་སྙིགས་ཀེ་ཇི་༥༠,༠༠༠ དེ་ཅིག་ བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་པས།
ཕྱགས་སྙིགས་དེ་ ལེགས་ཤོམ་སྦེ་ འཛིན་སྐྱོང་མ་འཐབ་པ་ཅིན་ སྤྱི་ལོ་༢༠༢༠ དང་༢༠༣༠ དེ་ཅིག་གི་ ནང་འཁོད་ལུ་ ཉིནམ་རེ་ལུ་ ཕྱགས་སྙིགས་ཀེ་ཇི་༡༢༠,༠༠༠ ལུ་ ཡར་སེང་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ ད་ལྟོ་ལས་ར་ ཕྱགས་སྙིགས་འཛིན་སྐྱོང་གི་ དཀའ་ངལ་བསལ་ཐབས་ལུ་ ཤུགས་བཏོན་དགོཔ་ གལ་ཆེ་བས་ཟེར་ཨིན་པས།
ཆུ་བར་ཆུ་ལས་ ཚོང་པ་ཀུན་ལེགས་ཀྱིས་ སླབ་མིའི་ནང་ ཕྱགས་སྙིགས་བཀོ་སའི་ ཧོད་མ་འདྲཝ་༢ ཡོད་ས་ལས་ ཤིང་འབྲས་དང་ ཚོད་བསྲེ་བཀོ་སའི་ཧོད་དེ་ ཉིནམ་ཨ་རྟག་ར་ བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་རུང་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཀྱི་ཧོད་དེ་ དུས་ཚོད་ཁར་ བསྡུ་བསྒྱོམ་འབད་བར་འོང་ནི་མེདཔ་ལས་ གྱིབ་ཤོག་རིགས་ཚུ་ རླུང་མ་གིས་ འཕྱག་བདའ་སྟེ་ ས་ཁོངས་ཁམས་ལོག་སི་སི་ བཟོཝ་མས་ཟེར་ཨིན་པས།
ཨིན་རུང་ ལས་འགུལ་འགོ་དཔོན་ བསོད་ནམས་བཀྲིས་ཀྱིས་འབད་བ་ཅིན་ ཕྱགས་སྙིགས་འཛིན་སྐྱོང་གི་ལཱ་དེ་ མོ་བཏབ་བཟུམ་ཅིག་སྦེ་ ཟླཝ་༢ ཀྱི་རིང་ལུ་ སྒེར་གྱི་ལས་སྡེ་ཅིག་ལུ་ སྤྲོད་ཡོད་རུང་ ཁོང་གིས་ དུས་ཚོད་ཁར་ འཛིན་སྐྱོང་མ་འཐབ་ནི་དེ་གིས་ དཀའ་ངལ་བྱིན་ནུག་ཟེར་ཨིནམ་ད་ ལཱ་དེ་ ལོག་སྟེ་ར་ ཁྲོམ་སྡེ་ལས་འཛིན་གྱིས་ ལེན་ཡི་ཟེར་ཨིན་པས།
ཐིམ་ཁྲོམ་གྱི་ སི་ཊི་མཱོལ་ཟེར་ ཚོང་ཁང་གི་ས་ཁོངས་ནང་ ཕྱགས་སྙིགས་བཀོ་སའི་ཧོད་༦ བཀྲམ་སྤེལ་འབད་ཡོདཔ་ད་ ཚོང་པ་ཚུ་གིས་ ཧོད་ལང་མི་ཚུགས་པས་ཟེར་ སླབ་མི་དེ་ལུ་ བསོད་ནམས་བཀྲིས་ཀྱིས་འབད་བ་ཅིན་ ཕྱགས་སྙིགས་ཚུ་ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་བ་ཅིན་ ལང་མ་ཚུགས་པའི་ དཔེ་མི་སྲིད་ཟེར་ཨིན་པས།
ས་ཁོངས་དེ་ནང་ བདུན་ཕྲག་རེ་ལུ་ ཕྱགས་སྙིགས་བསྡུ་བསྒྱོམ་ཚར་༣ རེ་ འབད་དོ་ཡོདཔ་ཨིན་པས།
ཁྲོམ་སྡེའི་ཁ་ཐུག་ལས་ དེ་བཟུམ་མིའི་ ཞབས་ཏོག་ལས་རིམ་འགོ་བཙུགས་ཏེ་ ལོ་༢ དེ་ཅིག་སོང་ཡོདཔ་ད་ ད་ཚུན་གྱི་བར་ན་ ཕྱགས་སྙིགས་བཀོ་སའི་ཧོད་༡༠༠ ལྷགཔ་ཅིག་ བཀྲམ་སྤེལ་འབད་མི་རེ་ལུ་ གོང་ཚད་དངུལ་ཀྲམ་༢,༧༠༠ རེ་སྤྲོད་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཧོད་ཚུ་ སྤྱི་ཟླ་༣ པའི་ ཟླ་མཇུག་ཁམས་ལས་ ཚོད་བསྲེ་ཁྲོམ་དང་ ལྕང་ཇི་ཇི་གི་ སྡོད་ཁྱིམ་ས་ཁོངས་ཚུ་ནང་ བཀྲམ་སྤེལ་འབད་ནི་ཨིན་པའི་གནས་ཚུལ།



No comments:

Post a Comment