གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་དགོ་པ་ཅིན་ ཐོབ་ལམ་བློས་གཏང་དགོཔ།





བྲིས་མི་ རིག་འཛིན་དབང་ཕྱུག།

༉ འབྲུག་རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ ལོ་ལྔའི་གནས་ཡུན་ཚང་ཞིནམ་ལས་ སྤྱི་ཚོགས་ཀྱི་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ཆོགཔ་ཨིན་ན?
འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་ནང་ གོ་དོན་ཚུ་ ཁ་གསལ་མེད་མི་ལུ་བརྟེན་ ཚོགས་སྡེའི་འཐུས་མི་ མང་ཤོས་ཅིག་ར་ མགུ་འཐོམ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་དང་འབྲེལ་བའི་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ནི་གི་ མནོ་བསམ་ཡོད་མི་ འཐུས་མི་ལ་ལུ་གིས་ དགོངས་དོན་དེ་ལུ་ མནོ་བསམ་ཞིབ་ཞིབ་སྦེ་གཏང་ནི་ འགོ་བཙུགས་ཡོདཔ་ཨིན་པས།


དེ་འབདཝ་ད་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༤ པའི་དོན་ཚན་༥ པ་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་དེ་ འཐུས་མི་ཚུ་གི་ གནས་ཡུན་ཚངམ་ཅིག་ དེ་གི་ནངས་པ་ར་ ཚོགས་སྡེ་བསྐྱར་འཛུགས་འབད་དགོཔ་ལས་ གོ་གནས་གུ་ཡོད་མི་ འཐུས་མི་ཚུ་གིས་ བཙག་འཐུའི་བྱ་རིམ་ནང་ གྲལ་གཏོགས་འབད་ནི་གི་ འོས་འབབ་མེདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་མི་ངོ་ ཀརྨ་འོད་ཟེར་རལ་གྲི་གིས་ སླབ་མིའི་ནང་ རྩ་ཁྲིམས་ནང་ དེ་བཟུམ་མའི་ དགོངས་དོན་བཞག་དགོ་མིའི་ དམིགས་དོན་དེ་ར་ བསྐྱར་ཞིབ་ཚོགས་ཁང་དེ་ རྒྱལ་ཡོངས་ཚོགས་འདུ་བཟུམ་སྦེ་ ཧྲམ་བཏང་སྟེ་ བར་སྟོང་བཞག་ནི་མིན་པར་ ལག་ལེན་འཕྲོ་མཐུད་བཞག་ཐབས་ལུ་ འོང་ནི་མས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་ ཧྲམ་གཏངམ་ད་ བསྐྱར་ཞིབ་ཚོགས་ཁང་དེ་ཡང་ ཧྲམ་བཏང་ཐོག་ལས་ སྟོངམ་སྦེ་བཞག་པ་ཅིན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་འགལ་འོང་ཟེར་ ཀརྨ་འོད་ཟེར་རལ་གྲི་གིས་ བཤདཔ་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་འདུ་དེ་ རྩ་གྲོལ་སོང་བའི་བསྒང་ལས་ སྤྱི་ཚོགས་ཡང་ མི་འོང་ནི་དང་ འཛིན་སྐྱོང་འཐབ་མི་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་གནང་ཚར་ནི་ཨིནམ་ལས་ གཞུང་སྐྱོང་གི་ དབང་ཚད་མེད་མི་ ཚོགས་སྡེ་དེ་ ལག་ལེན་འཕྲོ་མཐུད་བཞག་དགོ་པའི་ འོས་ཁུངས་ཅིག་ མི་མཐོང་པས་ཟེར་ཨིན་པས།
འབྲུག་གི་ རྒྱལ་ཡོངས་ཚོགས་སྡེ་དེ་ རྒྱལ་ཁབ་གཞན་དང་ མ་འདྲཝ་སྦེ་ཡོད་མི་དེ་ཡང་ འཐུས་མི་ཚུ་ སྲིད་དོན་ཚོགས་པ་གང་རུང་གཅིག་གི་ ཁོངས་སུ་གཏོགས་མ་ཆོགཔ་ལས་ སྲིད་དོན་དང་ འབྲེལ་བ་མེདཔ་སྦེ་ གནས་དགོ་པའི་ཁར་ གནས་ཡུན་ཡང་ ལོ་ལྔ་ཨིནམ་ལས་ འཐུས་མི་ཚུ་གི་ གནས་ཡུན་སྟབས་གཅིག་ཁར་ ཚང་ནི་དེ་གིས་ཨིན་པས།
དེ་འབདཝ་ད་ རྒྱལ་ཁབ་གཞན་ དཔེར་ན་ ཡུ་ཨེསི་གི་ ཚོགས་ཁང་གོང་མ་ སེ་ནེཊ་དང་ རྒྱ་གར་གྱི་ ཚོགས་ཁང་གོངམ་ ར་ཇཱ་སཱ་བྷ་གི་ འཐུས་མི་ཚུ་གི་གནས་ཡུན་ལོ་ངོ་༦ ཨིན་རུང་ འཐུས་མི་ཚུ་ག་ར་ སྟབས་གཅིག་ཁར་ བཙག་འཐུ་འབད་ནི་མེདཔ་ལས་ ལོ་ངོ་༢ ཀྱི་བར་ན་ གནས་ཡུན་ཚང་མི་ཚུ་གི་དོན་ལུ་ བཙག་འཐུ་ཚར་རེ་ འབད་མི་ལུ་བརྟེན་ ཚོགས་ཁང་དེ་ སྟོངམ་ལུས་ནི་མེད་པའི་ཁར་ ཚོགས་ཁང་གོང་མའི་ འཐུས་མི་ཚུ་ སྲིད་དོན་ཚོགས་པ་ཚུ་དང་ ཁོངས་སུ་གཏོགས་ཆོགཔ་ཨིན་པས།
སྤྱི་ཚོགས་ཀྱི་ འཐུས་མི་ལ་ལུ་གིས་འབད་བ་ཅིན་ རྩ་ཁྲིམས་ཀྱི་དགོངས་དོན་ནང་ གོ་དོན་ཁ་གསལ་མེདཔ་ལས་ གཙོ་བོ་ར་ ཚོགས་སྡེའི་འཐུས་མི་ཚུ་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ནིའི་དོན་ལུ་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་དགོཔ་ཨིན་ན་ ཡང་ཅིན་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་ཐོབ་ལམ་ཚུ་ མི་འཐོབ་ནི་བཟུམ་འདུག་ཟེར་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༡༣ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མིའི་ནང་ འབྲུག་རྒྱལ་པོ་མཆོག་གིས་ བཙག་འཐུའི་ཚེས་གྲངས་ཀྱི་ བཀའ་རྒྱ་གནང་ཞིནམ་ལས་ ཟླ་ངོ་༣ གྱི་ཧེ་མར་ འཐུས་མི་ཚུ་ དགོངས་ཞུ་འབད་དགོ་ཟེར་བཀོད་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་གནས་བརྟན་བཟང་མོ་གིས་ བཤད་མིའི་ནང་ རྩ་ཁྲིམས་ཆེན་མོའི་ནང་ རྒྱལ་ཡོངས་ཚོགས་སྡེ་དང་འབྲེལ་བའི་ བཙག་འཐུའི་དགོངས་དོན་ཚུ་ ཁ་གསལ་སྦེ་ བཀོད་དེ་ཡོདཔ་ལས་ འཐུས་མི་ཚུ་ གནས་ཡུན་གཉིས་པའི་དོན་ལུ་ དོ་འགྲན་འབད་འདོད་ཡོད་པ་ཅིན་ དགོངས་ཞུ་འབད་དགོ་ཟེར་ཨིན་པས།
ཁོང་ལུ་ཉེན་ཁ་ཟེར་རུང་ དགོངས་ཞུའི་ཐོབ་ལམ་ཚུ་ བློས་བཏང་སྟེ་ དགོངས་ཞུ་འབད་ཚར་བའི་ཤུལ་ལུ་ ལོག་བཙག་འཐུ་གྲུབ་མི་གྲུབ་ཀྱི་ ཉེན་ཁ་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།
སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ དགོངས་ཞུའི་ཐོབ་ལམ་དེ་ གཞི་རྟེན་དངུལ་ཕོགས་མཇུག་གུ་རྩིས་རྐྱབ་སྟེ་ དངུལ་ཀྲམ་༣༧༥,༠༠༠ དེ་ཅིག་ འཐོབ་ནི་ཨིནམ་ད་ སྤྱི་ཚོགས་ཀྱི་ ཐོབ་ལམ་བཅའ་ཡིག་དང་འཁྲིལ་བ་ཅིན་ གནས་ཡུན་ལོ་ལྔ་མ་ཚང་པ་ཅིན་ དགོངས་ཞུའི་ཐོབ་ལམ་དེ་ མི་འཐོབ་ནི་ཨིན་པས།
ཨིན་རུང་ དུས་ཅི་ གནམ་དགུན་གྱི་ སྤྱི་ཚོགས་སྐབས་ ཚོགས་སྡེ་གིས་ དགོངས་ཞུའི་ཐོབ་ལམ་དེ་ གནས་ཡུན་ལོ་ལྔ་མ་ཚང་རུང་ ཐོབ་དགོཔ་སྦེ་ ཐོབ་ལམ་བཅའ་ཡིག་གུ་ འཕྲི་སྣོན་འབད་ཡོདཔ་ལས་ གནམ་འབྱ་གི་ སྤྱི་ཚོགས་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་བསྡུར་འབད་ནི་ཨིནམ་ད་ གལ་སྲིད་ ཆ་འཇོག་མ་གྲུབ་པ་ཅིན་ གནས་ཡུན་བ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་ཐོབ་ལམ་ འཐོབ་ནི་གི་ འོས་འབབ་མེདཔ་ཨིན་པས།
དྲང་ཁྲིམས་ལྷན་སྡེའི་ དྲང་དཔོན་ཅིག་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ ཐོབ་ལམ་བཅའ་ཡིག་དེ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་པའི་སྐབས་ལས་ར་ དགོངས་དོན་དེ་གི་སྐོར་ ཐུགས་བཞེད་གནང་དགོཔ་ཨིན་རུང་ འཐུས་མི་ཚུ་གིས་ འཕྲལ་གྱི་མཐའ་དོན་ལུ་ སྣུམ་འཁོར་གྱི་ ཐོབ་ལམ་ཚུ་ལུ་ར་ ཐོབ་བརྗོད་བཀོད་དེ་ དགོངས་ཞུ་འབདཝ་ད་ ཐོབ་ལམ་ཚུ་གི་ ཕན་གནོད་སྐོར་ ཐུགས་བཞེད་མ་གནང་པས་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment