གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་དངུལ་ཚུལ་མིན་སྤྱོད་མིའི་ནང་ འབྲེལ་བ་ཅན་ཚུ་ལུ་ ཉེས་འཛུགས་མེདཔ།


རྩོད་དོན་དེ་གི་སྐོར་ལས་ བདུན་ཕྲག་ཧེ་མའི་ནང་ སྙན་གསན་བསྐྱར་འཛུགས་འབད་དགོཔ་ཨིན་རུང་ དྲང་དཔོན་ཅིག་ རྒྱལ་ཁབ་ཀྱི་ ཕྱི་ཁར་བྱོན་སོཔ་ལས་ བསྣར་འགྱངས་སྦེ་ལུས་ནུག།

རིག་འཛིན་དབང་ཕྱུག།

༉ ཧ་ལམ་ལོ་ངོ་༤ དེ་ཅིག་གི་རིང་ ཁྲིམས་གཏུགས་འབད་བའི་ཤུལ་ལུ་ མཐོ་གཏུགས་པ་གིས་ གཞུང་དངུལ་ཚུལ་མིན་སྤྱོད་པའི་ ཉེས་འཛུགས་དང་འབྲེལ་བའི་ རྩོད་གཞི་དེ་ སླར་ལོག་ཕྱེ་ནི་གི་ གོ་སྐབས་ཐོབ་ཡོདཔ་ལས་ ད་ལྟོ་ སྙན་གསན་ལོག་འབད་ནིའི་དོན་ལུ་ སྒུག་སྟེ་ཡོདཔ་ཨིན་པས།

དེ་ཡང་ ན་ཧིང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཐོག་མའི་འཁྲུན་ཆོད་ལུ་ གཞི་འཛིན་ཐོག་ འབྲུག་གི་བསྟན་སྲུང་དམག་སྡེའི་ དངུལ་རྩིས་གཙོ་འཛིན་འགོ་དཔོན་འོག་མ་ སངས་རྒྱས་དབང་འདུས་ལུ་ གཞུང་དངུལ་ས་ཡ་༢.༡༡༦ ལྷགཔ་ཅིག་ ཚུལ་མིན་སྒེར་སྤྱོད་འབད་བའི་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་མ་ཚད་ སྒེར་སྤྱོད་འབད་མི་ མ་དངུལ་ཚུ་ གཞུང་གི་རྩིས་ཁྲ་ནང་ ལོག་བཙུགས་དགོ་པའི་ འཁྲུན་ཆོད་གནང་ཡོད་རུང་ ཁེ་རྒུད་མ་བཏུབ་མི་དེ་གིས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་བའི་ཤུལ་ལུ་ རྩོད་གཞི་དེ་ བཀོད་ཁྱབ་དང་སྦྲགས་ ལོག་སྟེ་ར་ ཆེ་མཐོ་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ ཚུལ་མིན་ལག་ལེན་ཚུ་ལུ་ དབྱེ་ཞིབ་མཐིལ་ཕྱིན་མཛད་དེ་ རྩོད་གཞི་ལོག་ཕྱེ་དགོཔ་ཨིནམ་ད་ མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ནང་ མཐོ་གཏུགས་པ་ སངས་རྒྱས་དབང་འདུས་ཀྱིས་ དངུལ་ཀྲམ་ས་ཡ་༢.༡༡༦ སྒེར་སྤྱོད་འབད་ཡོད་པའི་ ཐེ་ཚོམ་གྲོལ་བའི་ རྒྱུ་མཚན་ཅན་གྱི་ སྔོན་རྟགས་ཅིག་ ཁྲིམས་འདུན་ལུ་ ཡིད་ཆེས་རུང་བའི་ སྒྲུབ་བྱེད་ཡོད་པའི་ བདེན་རྟགས་མ་ཐོན་ཟེར་བཀོད་ནུག།
གནད་དོན་དང་པའི་ནང་ སྤྱི་ལོ་༢༠༠༧ ཟླ་༢ པའི་ཚེས་༢༨ ལུ་བཏོན་མི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུའི་ནང་ དངུལ་ཀྲམ་ས་ཡ་༢.༡༣༩ རྩིས་ཆད་བཏོན་མི་དང་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ཉེས་འཛུགས་དང་འཁྲིལ་བའི་བཤེར་ཡིག་ སྤྱི་ལོ་༢༠༠༨ ཟླ་༥ པའི་ཚེས་༢༧ ལུ་ ཕུལ་མིའི་ནང་ དངུལ་ཀྲམ་ས་ཡ་༢.༡༡༦ གསལ་བཀོད་འབད་ཡོདཔ་ལས་ དངུལ་ཀྲམ་༢༢,༨༨༠ དེ་ཅིག་ རྩིས་ཁྲའི་ནང་ ཁྱད་པར་ཐོན་ཡོདཔ་ལས་ རྩིས་ཁྲའི་གྱངས་ཁ་ཚུལ་མཐུན་མེད་པའི་ མངོན་གསལ་བྱུང་ཡི་ཟེར་བཀོད་ནུག།
དངུལ་འབོར་དེ་གི་ཐོག་ལས་ དངུལ་ཀྲམ་ས་ཡ་༠.༦ གི་ཐད་ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ ཟླ་རིམ་གྱི་ སྙན་ཞུ་རྐྱངམ་གཅིག་ལུ་ སྒྲུབ་བྱེད་བཟུང་སྟེ་ སངས་རྒྱས་དབང་འདུས་ལུ་ ཉེས་པ་བཀལ་ནུག་ཟེར་ཨིནམ་ད་ དངུལ་འབྲེལ་ལམ་ལུགས་དང་འཁྲིལ་བ་ཅིན་ དངུལ་ཤོག་ཅེག་གུ་ ལག་བྲིས་མ་བཀོད་པའི་ཧེ་མར་ རྩིས་ཁྲའི་མ་དེབ་ནང་བཀོད་དེ་ དབང་འཛིན་འགོ་དཔོན་གྱིས་ ལག་བྲིས་བཀོད་པའི་ཤུལ་ལུ་ དངུལ་གྱི་རྩིས་ཁྲའི་ཐོ་ཡིག་དང་འཁྲིལ་ཏེ་ ཟླ་རིམ་སྙན་ཞུ་ཕུལ་དགོཔ་ཨིན་པས།
དེ་མ་ཚད་ དངུལ་ཁང་ནང་ལས་ ཏི་རུ་བཏོན་མི་དེ་ རྩིས་འཛིན་པ་ སངས་རྒྱས་ཆོས་གྲུབ་ཨིན་པའི་ཁར་ ཁོ་གིས་ སངས་རྒྱས་དབང་འདུས་ལུ་ དངུལ་ཚང་འགྲིགས་སྤྲོད་ཅི་ཟེར་ ཙམ་ཅིག་མ་གཏོགས་ ལག་བྲིས་ཅན་གྱི་ འབྱོར་འཛིན་དང་བཅས་པའི་ མི་དཔང་སོགས་ ཁྲིམས་མཐུན་གྱི་ སྒྲུབ་བྱེད་ཁ་གསལ་མེདཔ་ལས་ ཐེ་ཚོམ་ལས་གྲོལ་བའི་ ཁྲིམས་མཐུན་གྱི་ སྒྲུབ་བྱེད་ཐོག་ ཉེས་པ་ག་ལུ་འཁྲི་དགོཔ་ཨིན་ན་ དབྱེ་དཔྱད་མཐིལ་ཕྱིན་མཛད་དགོཔ་འདུག་ཟེར་ བཀའ་རྒྱའི་ནང་བཀོད་ནུག།
ད་རུང་ དངུལ་ཀྲམ་ས་ཡ་༡.༤༡༤ སངས་རྒྱས་དབང་འདུས་ལུ་ བཀལ་མི་དེ་ གནས་སྟངས་ཀྱི་ སྒྲུབ་བྱེད་ཙམ་མ་གཏོགས་ རྩོད་གཞི་དེ་ནང་ དངོས་འབྲེལ་ཅན་གྱི་ མི་ངོམ་ཚུ་ལུ་ ཁྲིམས་ཀྱི་བྱ་རིམ་དང་འཁྲིལ་ཏེ་ དབྱེ་བཤེར་འབད་འབདཝ་མེདཔ་ལས་ གཞུང་དངུལ་སྒེར་སྤྱོད་འབད་བའི་ ཉེས་འཛུགས་ངེས་ཏིག་ ག་ལུ་ཕོགཔ་ཨིན་ན་ དབྱེ་དཔྱད་མཐིལ་ཕྱིན་མཛད་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ བསྟན་སྲུང་དམག་སྡེའི་ སྲུང་སྐྱོབ་དངུལ་རྩིས་འགོ་དཔོན་ དམག་སྲིད་འོག་མ་ དཔལ་ལྡན་དབང་འདུས་དང་ རྩིས་འཛིན་པ་ སངས་རྒྱས་ཆོས་གྲུབ་ དངུལ་གཉེརཔ་ཚེ་རིང་རྡོ་རྗེ་༣ རྩོད་དོན་དེ་ནང་ འབྲེལ་བ་ཡོད་མི་ ངོ་མ་ཨིན་རུང་ ཉེས་འཛུགས་མ་བཀལ་བས་ཟེར་ཨིནམ་ད་ རྒྱུ་མཚན་དེ་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་དང་ དྲི་བསྟུན་ཐོག་ ཉེས་འཛུགས་འབད་རུང་བའི་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ གཞུང་དངུལ་ཚུལ་མིན་སྤྱོད་པའི་ ཉེས་འཛུགས་སོ་སོར་བཀོད་དེ་ བདེན་རྫུན་གྱི་ སྒྲུབ་བྱེད་དང་འཁྲིལ་ གཞུང་དངུལ་སོར་ཆུད་འབད་ནི་འདི་ ཉེས་ཅན་ག་ལུ་ཕོག་ནི་ཨིན་ན་ དབྱེ་བཤེར་མཐིལ་ཕྱིན་མཛད་དེ་ འཁྲུན་ཆོད་གནང་དགོཔ་སྦེ་ ཆེ་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱའི་ནང་བཀོད་ནུག།
ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་འབད་མི་ཚུ་ལུ་ གཞི་བཞག་སྟེ་ སྤྱི་ལོ་༢༠༠༩ ཟླ་༦ པའི་ཚེས་༣༠ ལུ་ འཁྲུན་ཆོད་བཏོན་མི་དེ་ སྤྱི་ལོ་༢༠༡༡ ཟླ་༤ པའི་ཚེས་༢༡ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ བསྒྱུར་བཅོས་མེད་པར་ གཞི་འཛིན་འབད་བའི་ཤུལ་ལུ་ སངས་རྒྱས་དབང་འདུས་ཀྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ད་ལྟོ་ དགོངས་ཕོག་ནང་ཡོད་མི་ སངས་རྒྱམ་དབང་འདུས་དེ་ ལུང་བསྟན་ཕུག་བསྟན་སྲུང་དམག་སྡེའི་ གཙོ་ཁང་ནང་ སྤྱི་ལོ་༢༠༠༡ ཟླ་༡༠ པ་ལས་ སྤྱི་ལོ་༢༠༠༥ ཟླ་༨ པ་ཚུན་ དངུལ་རྩིས་གཙོ་འཛིན་འགོ་དཔོན་འོག་མ་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ ཇེ་ནི་བཱ་ལུ་ འབྲུག་གི་གཏན་འཇགས་སྐུ་ཚབ་ཡིག་ཚང་ནང་ གནས་སོར་བཏང་ཡོད་རུང་ རྩོད་དོན་དེ་ལུ་བརྟེན་ སྤྱི་ལོ་༢༠༠༦ ལུ་ ལོག་འབོ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ མཐོ་གཏུགས་པ་དེ་ རྒྱལ་ཁབ་ནང་མེད་པའི་སྐབས་ལུ་ དངུལ་སྤྲོད་ལེན་གྱི་ ཡིག་ཆ་ཚུ་ གཡོ་བཅོས་འབད་དོ་བཟུམ་འདུག་ཟེར་ཨིན་པའི་གནས་ཚུལ།



No comments:

Post a Comment