གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འོག་གླིང་སྤྱི་འོག་གི་ ཨམ་སྲུ་ཚུ་གིས་ ཐགས་འཐག་སྟེ་ འོང་འབབ་ལེགས་ཤོམ་བཟོ་དོ་ཡོདཔ།


སྐུདཔ་གི་གོང་ཚད་དང་ ཚོས་རྐྱབ་པའི་ཟད་འགྲོ་ཚུ་ག་ར་ བཏོགས་བཞག་པའི་ཤུལ་ལས་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
པང་ཁེབས་འཐག་སྟེ་ འོང་འབབ་ལེགས་ཤོམ་བཟོ་མི་ སངས་རྒྱས་ཆོས་སྒྲོན།


༉ སངས་རྒྱས་ཆོས་སྒྲོན་དེ་ དལ་ཁོམས་མེད་པར་ བདུན་ཕྲག་༢ དེ་ཅིག་ ལང་དོ་ཡོདཔ་མ་ཚད་ ད་རུང་ ཟླཝ་ཕྱེད་དང་༢ དེ་ཅིག་ འུར་བྱེལ་ཐོག་ལུ་ ལུས་ནི་ཨིན་པས།
དེ་ཡང་ ཐིམ་ཕུ་གི་ ལག་བཟོ་ཚོང་ཁང་ཅིག་ལས་ སངས་རྒྱས་ཆོས་སྒྲོན་ལུ་ པང་ཁེབས་༥༠ འཐག་ནི་གི་ མཁོ་མངགས་ལྷོད་མི་ཚུ་ ཏ་ཝང་ལུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ཨིན་པས།

སྐྱེས་ལོ་༤༨ ལང་མི་ སངས་རྒྱས་ཆོས་སྒྲོན་ལུ་ ཨ་ལུ་༡ ཡོདཔ་ད་ མོ་གིས་ དྲོ་པའི་ཆུ་ཚོད་༦ ལུ་ ལོང་ཞིནམ་ལས་ ཐགས་འཐག་ནི་ འགོ་བཙུགས་དོ་ཡོདཔ་ཨིན་པས།
ཡུདཔ་ཅིག་ལས་ མོ་རའི་རྨགཔ་དེ་ ནོར་གྱི་རྩྭ་ཆག་བྱིན་པར་ འགྱོ་བའི་སྐབས་ མོ་ར་ ཐགས་འཐག་ནི་ མཚམས་འཇོག་འབད་ཞིནམ་ལས་ བཞེས་སྒོ་བཟོ་དོ་ཡོདཔ་ད་ ཁོང་བཟའ་ཚང་༢ དྲོ་པའི་ཆུ་ཚོད་༨ དེ་ཅིག་ཁར་ བཞེས་སྒོ་བཟའ་ཞིནམ་ལས་ ད་རུང་ ཆུ་ཚོད་༩ དེ་ཅིག་ལས་ ཐགས་འཐག་ནི་ འགོ་བཙུགས་དོ་ཡོདཔ་ཨིན་པས།
མོ་གིས་ པང་ཁེབས་༡ མཇུག་བསྡུ་ནིའི་དོན་ལུ་ ཉིན་གྲངས་༥ དེ་ཅིག་ འགོར་དོ་ཡོདཔ་ད་ པང་ཁེབས་རེ་ལུ་ འཐག་གླ་དངུལ་ཀྲམ་༡,༠༠༠ རེ་ ལེན་དོ་ཡོདཔ་ཨིན་པས།
སངས་རྒྱས་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་ལུ་ མཁོ་མངགས་འབད་མི་ པང་ཁེབས་༥༠ འཐག་ནིའི་དོན་ལུ་ དུས་ཡུན་ཟླཝ་༢ འགོར་ནི་ཨིནམ་ལས་ ལ་ལུ་ཅིག་ མོ་རའི་ ཆ་རོགས་ཚུ་ལུ་ འཐག་ནི་སྤྲོད་ཡོདཔ་ཨིན་པས།
སངས་རྒྱས་ཆོས་སྒྲོན་བཟུམ་སྦེ་ ཐགས་འཐག་སྟེ་སྡོད་མི་ སྐྱེས་ལོ་༥༠ ལང་མི་ ཡོང་མིན་གྱིས་ ལོ་རེ་ནང་ པང་ཁེབས་༡༥ དེ་ཅིག་འཐག་དོ་ཡོདཔ་བཞིན་དུ་ མོ་གིས་ ཐིམ་ཕུ་དང་ སྤ་རོའི་ ཚེས་བཅུ་སྐབས་ལུ་ བཙོང་པར་འབག་དོ་ཡོདཔ་ཨིན་པས།
ཡོང་མིན་མོ་ར་ འོག་གླིང་ལྷ་ཁང་གི་ དཀོན་གཉེར་ཨིནམ་ད་ མོ་ར་ སྐྱེས་ལོ་༡༥ སྦེ་ སྡོད་པའི་བསྒང་ལས་ར་ མོ་རའི་ ཨའི་ལས་ ཐགས་འཐག་ནི་ ལྷབ་ཡོདཔ་ཨིན་པས།
མོ་གིས་ མི་གཞན་ལས་ མཁོ་མངགས་ལེན་ཞིནམ་ལས་ འཐག་ནི་བ་ མོ་རང་གིས་ སྐུདཔ་ཉོ་སྟེ་ འཐག་མི་དེ་ དྲག་པས་ཟེར་ཨིན་པས།
ཡོང་མིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རང་གི་ སྐུདཔ་ཉོ་ཞིནམ་ལས་ འཐག་མི་དེ་ ཁེ་སང་ཆེ་བས་ཟེར་ཨིནམ་ད་ པང་ཁེབས་ཅིག་ལུ་ གོང་ཚད་དངུལ་ཀྲམ་༡༥,༠༠༠ རེ་སྦེ་ བཙོང་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ པང་ཁེབས་༡ འཐག་ནིའི་དོན་ལུ་ སྐུདཔ་ཀེ་ཇི་༡.༥ ལས་ མི་འཛུལ་ཟེར་ཨིནམ་ད་ སྐུདཔ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༣,༠༠༠ རེ་ གནསཔ་ཨིན་ཟེར་ཨིན་པས།
སྐུདཔ་གི་གོང་ཚད་དང་ ཚོས་རྐྱབ་པའི་ཟད་འགྲོ་ཚུ་ག་ར་ བཏོགས་བཞག་པའི་ཤུལ་ལས་ ཡོང་མིན་གྱིས་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་ བཟོ་དོ་ཡོདཔ་ཨིན་པས།
ཁྱིམ་ནང་གི་ གཡོག་ལཱ་ཚུ་ འབད་དགོ་ནི་དེ་གིས་ བློ་བདེ་ཏོག་ཏོ་སྦེ་ ཐགས་འཐག་ནི་ མི་ཐོབ་པས་ཟེར་ ཡོང་མིན་གྱིས་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་ འོག་གླིང་སྤྱི་འོག་ནང་ དངུལ་གྱི་འོང་འབབ་གཙོ་བོ་ར་ ཐགས་འཐག་མི་ལུ་བརྟེན་ཏེ་ བཟོ་དོ་ཡོདཔ་ཨིན་པས།
ཨོ་རོང་གི་ས་གནས་དེ་ བསམ་གྲུབ་ལྗོངས་མཁར་ལས་ ཀི་ལོ་མི་ཊར་༧༠ གི་ས་ཁར་ཨིནམ་ད་ འོག་གླིང་དེ་ ཨོ་རོང་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༢༠ གི་ ས་ཁར་ཨིན་པས།
འོག་གླིང་གི་ གཡུས་ཚན་ནང་ ཁྱིམ་གུང་རེའི་གདོང་ཁར་ ཐགས་ཤིང་རེ་ཡོདཔ་ད་ དེ་ནང་ བུམོ་ཚུ་ ཆུང་ཀུ་བསྒང་ལས་ར་ ཐགས་འཐག་ནི་ ལྷབ་དོ་ཡོདཔ་ཨིན་པས།
འོག་གླིང་སྤྱི་འོག་ནང་ ཁྱིམ་གུང་༩༦ ཡོད་པའི་ནང་ལས་ བརྒྱ་ཆ་༨༠ དེ་ཅིག་ ཐགས་ལཱ་ལུ་བརྟེན་ མི་ཚེ་འཚོ་སྐྱོང་ འཐབ་དོ་ཡོདཔ་ཨིན་པས།
ཐིམ་ཕུ་དང་ སྤ་རོའི་ ལག་བཟོ་ཚོང་ཁང་ཚུ་གིས་ པང་ཁེབས་ཚུ་ མཁོ་མངགས་འབད་དོ་ཡོདཔ་ལས་ ཚོང་འབྲེལ་ལེགས་ཤོམ་འགྱོཝ་མས་ཟེར་ ཡོང་མིན་གྱིས་ བཤདཔ་ཨིན་པས།
ཐགས་འཐག་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཟོང་ཆ་ཚུ་ ཐིམ་ཕུ་དང་ སྤ་རོ་ལུ་ འབག་འགྱོ་མ་དགོ་པར་ ས་གནས་ནང་ར་ ལྟ་བཤལཔ་ཚུ་ ལྷོད་ཚུགས་པ་ཅིན་ གོང་ཚད་ལེགས་ཤོམ་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ཚོགས་པ་ པདྨ་དོན་གྲུབ་ཀྱིས་འབད་བ་ཅིན་ གཡུས་སྒོའི་ ཨམ་སྲུ་ཚུ་གིས་འཐག་མི་ པང་ཁེབས་ཚུ་ ཐིམ་ཕུ་དང་ སྤ་རོ་ལུ་ འབག་འགྱོ་ཞིནམ་ལས་ སྦུང་ཚོང་སྦེ་ བཙོང་དགོཔ་ལས་ རྫོང་ཁག་བདག་སྐྱོང་གིས་ སྤྱི་འོག་དེ་ ལྟ་བཤལཔ་ཚུ་འཛོམས་སའི་ ལྟེ་བ་ཅིག་སྦེ་ བཟོ་བ་ཅིན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།





No comments:

Post a Comment