གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཁྲོམ་གྱི་ བཅད་མཚམས་བརྒྱུད་དེ་ རྐང་འཁོར་ལམ་བསལ་ནི།


རྐང་འཁོར་ལམ་གྱིས་ ནགས་ཚལ་མེ་རྐྱེན་ལས་ བཀག་ཐབས་འབད་ཚུགས་པའི་ཁར་ ཕྱིའི་ལྟ་བཤལཔ་དང་ ནང་འཁོད་ཀྱི་མི་ཚུ་ ལྟ་སྐོར་འབད་སའི་ ས་ཁོངས་ཅིག་ཡང་ ཨིན་ཟེར་ཨིན་པས།
ཐིམ་ཕུའི་བཅད་མཚམས་བརྒྱུད་དེ་ བཀལ་ཡོད་པའི་ རྐང་འཁོར་ལམ་གྱི་ དཔག་ཚད།
བཀྲིས་ཕུན་ཚོགས།

༉ རྒྱལ་ཁབ་ནང་ ཡར་རྒྱས་ཀྱི་གནས་ཚད་དང་བསྟུན་ རྒྱལ་ས་ལྟེ་བ་ ཐིམ་ཁྲོམ་ནང་ ཁྱིམ་བཟོ་སྐྲུན་གྱི་ལཱ་ཚུ་ ཉིནམ་གཅིག་བ་གཅིག་ ཡར་འཕར་འགྱོ་དོ་ཡོདཔ་ལས་ ནགས་ཚལ་ཡོད་སའི་ ས་ཁོངས་ཚུ་ནང་ལས་ཕར་ བཟོ་སྐྲུན་གྱི་ལཱ་ཚུ་ རྒྱ་བསྐྱེད་སོང་ཡོད་མི་དེ་ བཀག་ཐབས་འབད་ནིའི་དོན་ལུ་ ཐིམ་ཁྲོམ་གྱི་ བཅད་མཚམས་བརྒྱུད་དེ་ རྐང་འཁོར་ལམ་ བཟོ་སྐྲུན་འབད་ནི་ཨིན་པས།

ནགས་ཚལ་ལས་ཁུངས་ཀྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ ཀུན་ལེགས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༨ ལུ་ ལྷན་རྒྱས་གཞུང་ཚོགས་ནང་ རྐང་འཁོར་འགྲུལ་སྐྱོད་ཀྱི་ སྔོན་འགྲོ་གྲོས་འཆར་ བཙུགས་ཡོདཔ་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་ལས་ གནང་བ་ཐོབ་ཅི་ཟེར་ཨིན་མས།
བཅད་མཚམས་བདའ་སྟེ་ རྐང་འཁོར་གྱི་ལམ་ བཟོ་སྐྲུན་འབད་དགོ་པའི་ དམིགས་ཡུལ་དེ་ཡང་ ནགས་ཚལ་ལུ་ ཐོ་ཕོག་ནི་ལས་ བཀག་ཐབས་འབད་ནི་དང་ ཐུག་རྐྱེན་མར་ཕབ་ རྐྱབ་ནིའི་དོན་ལུ་ཨིནམ་མ་ཚད་ ཁྲོམ་ས་དང་ ནགས་ཚལ་གྱི་ བཅད་མཚམས་ངོས་འཛིན་འབད་ཐབས་ཀྱི་དོན་ལུ་ཨིན་པས།
ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ རྐང་འཁོར་ལག་ལེན་འཐབ་མིའི་ གྱངས་ཁ་ཡར་འཕར་འགྱོ་དོ་ཡོདཔ་ལས་ འཁོར་ལམ་བདའ་སྟེ་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ ཉེན་སྲུང་གི་དོན་ལུ་ ཨིན་ཟེར་ཨིན་པས།
གླ་འཁོར་དེད་གཡོགཔ་ ནན་དུ་ རཱམ་གྱིས་ སླབ་མིའི་ནང་ འཁོར་ལམ་བདའ་སྟེ་ རྐང་འཁོར་གཏང་མི་ ན་གཞོན་ཚུ་གིས་ རེ་ཚེ་སྐབས་ དྲནམ་བཏོན་ཏེ་ མི་བཏང་དོ་ཡོདཔ་ལས་ སེམས་ཡེངས་པའི་སྐབས་ སྣུམ་འཁོར་ཚུ་དང་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རྐང་འཁོར་བཏང་མ་ཤེས་མི་ཚུ་གིས་ གཞུང་ལམ་ཁར་ བཏང་དོ་ཡོདཔ་ལས་ གལ་སྲིད་ ཐུག་རྐྱེན་འབྱུང་པ་ཅིན་ ཉེས་པ་རང་ལུ་ཡོདཔ་ལས་ ལས་ཁུངས་ཀྱིས་ ཁོང་གི་དོན་ལུ་ ལམ་ལུགས་ཚུལ་མཐུན་ཅིག་ མིན་འདུག་ཟེར་ཨིན་པས།
རྐང་འཁོར་གཏང་ནིའི་ལས་རིམ་གསརཔ་ གཞི་བཙུག་འབད་ནི་ཨིན་མི་དེ་གིས་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་མས་ཟེར་ སྤ་རོ་ལས་ གླ་འཁོར་བཏང་མི་ འཇིགས་མེད་རྣམ་རྒྱལ་གྱིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་བཏོན་སྡེ་ཚན་ལས་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རྐང་འཁོར་ཚུ་ ཐོ་བཀོད་འབད་དེ་མེད་རུང་ ཐུག་རྐྱེན་སྦོམ་འབྱུང་མི་མེད་ཟེར་ཨིནམ་ད་ ད་ཚུན་ གླ་འཁོར་དང་ ཐུག་རྐྱེན་བྱུང་མི་༢ ལས་བརྒལ་ ཐོ་བཀོད་འབད་དེ་མེད་རུང་ རྐང་འཁོར་གྱི་ ཁྲིམས་ལུགས་དེ་ སྣུམ་འཁོར་འཁོར་ལོ་གཉིསམ་དང་ ཅོག་འཐད་ཟེར་ སླབ་ཨིན་མས།
ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ རྐང་འཁོར་ལམ་ ཀི་ལོ་མི་ཊར་༧༦ ལས་༡༠ སྣུམ་འཁོར་ལམ་ནང་ ཚུད་དེ་ཡོད་ཟེར་ཨིནམ་ད་ རྐང་འཁོར་ལམ་དེ་ རྒྱ་ཚད་མི་ཊར་༢ བཟོ་སྐྲུན་འབད་ནི་ཨིནམ་ལས་ དེ་གིས་ ནགས་ཚལ་མེ་རྐྱན་ལས་ བཀག་ཐབས་འབད་ཚུགས་པའི་ཁར་ ཕྱིའི་ལྟ་བཤལཔ་དང་ ནང་འཁོད་ཀྱི་མི་ཚུ་ ལྟ་སྐོར་འབད་སའི་ ས་ཁོངས་ཅིག་ཡང་ ཨིན་ཟེར་ཨིན་པས།
ལས་རིམ་དང་འཁྲིལཝ་ད་ ཀུན་གསལ་ཕོ་བྲང་དང་ སྡེཔ་སི་གི་བར་ན་ ཀི་ལོ་མི་ཊར་༤ འབད་མི་ རྐང་འཁོར་ལམ་ བཟོ་སྐྲུན་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༨ གནས་ནི་ཨིནམ་ད་ ལྷག་ལུས་ རྐང་འཁོར་ལམ་ཚུ་གི་དོན་ལུ་ ད་ལྟོ་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment