གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚད་ལས་བརྒལ་བའི་ གློག་མེའི་སྤྱོད་འཐུས་ ཐོན་མི་ལུ་ཉོགས་བཤད།


ཚེ་རིང་རྣམ་རྒྱལ།

༉ བཀྲ་ཤིས་སྒང་རྫོང་ཁག་ ཨུ་མཛོ་རོང་རྒེད་འོག་གི་ གཡུས་ཚན་དག་པ་ཅིག་ནང་ ཚད་ལས་བརྒལ་བའི་ གློག་མེའི་སྤྱོད་འཐུས་ སྤྲོད་དགོ་མི་དེ་གིས་ འོང་འབབ་ཆུང་བའི་ མི་སེར་སོ་ནམ་པ་ཚུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།

དེ་ཡང་ ཨུ་མཛོ་རོང་འཇོམས་གཙང་ལས་ ཀརྨ་བཟང་མོ་གིས་ སླབ་མིའི་ནང་ མོ་རའི་ ཨ་ལུ་༢ བརྩིས་ཏེ་ ཁོང་བཟའ་ཚང་༣ གྱིས་  དྲོ་པ་དང་ ཉིན་མའི་ བཞེས་སྒོ་འབད་ནི་དང་ ཕྱི་རུ་ མེ་བཏེག་ནིའི་དོན་ལུ་རྐྱངམ་གཅིག་ གློག་མེ་ལག་ལེན་ འཐབ་ཨིན་ཟེར་ཨིན་རུང་ སྤྱི་ཟླ་༡ པའི་དོན་ལུ་ གློག་མེའི་སྤྱོད་འཐུས་ དངུལ་ཀྲམ་༢,༠༠༠ ལྷགཔ་ཅིག་ ཐོན་ཡོདཔ་མ་ཚད་ དེ་གི་ཧེ་མར་ སྤྱི་ཟླ་༡༢ པའི་ནང་ དངུལ་ཀྲམ་༢༦༡ ལས་མ་ཐོན་ཟེར་ཨིན་པས།
མོ་གིས་ གློག་མེའི་ཡིག་ཚང་ནང་ ཉོགས་བཤད་བཀོད་པའི་ཤུལ་ལས་ སྤྱི་ཟླ་༡ པའི་འཐུས་དེ་ དངུལ་ཀྲམ་༢༤༥ ལུ་ མར་ཕབ་རྐྱབ་ཅི་ཟེར་ཨིནམ་ད་ ཨ་རྟག་ར་ སྤྱོད་འཐུས་མཐོ་དྲགས་ཐོན་པ་ཅིན་ མི་སེར་ཉམ་ཆུང་ཚུ་གིས་ ཁྲལ་བཏབ་མི་ཚུགས་ནི་མས་ཟེར་ཨིན་པས།
གཡུས་ཚན་དེ་ནང་ལས་ བསམ་གྲུབ་ཀྱིས་ཡང་ སྤྱི་ཟླ་༡ པའི་ གློག་མེའི་སྤྱོད་འཐུས་དེ་ དངུལ་ཀྲམ་༡,༥༠༠ ཐོན་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཟླཝ་༢ ཀྱི་ཧེ་མར་ ཟླཝ་༢ ཀྱི་སྤྱོད་ཁྲལ་བསྡོམས་ད་ དངུལ་ཀྲམ་༢༦༠ རྐྱངམ་གཅིག་ལས་ མ་ཐོན་པས་ཟེར་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ འབྲུག་གློག་མེ་ལས་འཛིན་གྱི་འགོ་དཔོན་ཚུ་ལུ་ ཉོགས་བཤད་ག་དེམ་ཅིག་བཀོད་རུང་ འཕྲུལ་ཆས་མི་ཊར་ལུ་ སྐྱོན་ག་ནི་ཡང་མེད་ཟེར་ སླབ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འོང་འབབ་ཀྱི་འབྱུང་ཁུངས་ ག་ནི་ཡང་མེད་པ་ལུ་བརྟེན་ ད་ལྟོ་ འཐུས་བཏབ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡུས་ཚན་ནང་ ཁྱིམ་གུང་ཅིག་ལུ་ ཟླཝ་༣ གྱི་ གློག་མེའི་སྤྱོད་འཐུས་ དངུལ་ཀྲམ་༢,༥༠༠ ཐོན་ཡོདཔ་ལས་ ད་ལྟོ་ སྤྲོད་མ་ཚུགས་པར་ ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ ཁྱིམ་གུང་༦༠ ལྷགཔ་ཅིག་ཡོད་ས་ལས་ མང་ཤོས་ཅིག་གི་ ཟླ་རིམ་གྱི་སྤྱོད་འཐུས་ དངུལ་ཀྲམ་༢༠༠ དང་༥༠༠ འི་བར་ན་ ཐོན་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨུ་མཛོ་རོང་གཡུས་ཚན་ངོ་མ་དང་ སྦེན་ཤིང་མོ་གཡུས་ཚན་ནང་ལུ་ཡང་ ཟླ་རིམ་གྱི་ གློག་མེའི་འཐུས་ཚུ་ ཚད་ལས་བརྒལ་ ཐོན་དོ་ཡོད་པའི་ ལོ་རྒྱུས་ཚུ་འདུག།
བཀང་ལུང་གློག་མེ་ལས་འཛིན་གྱི་ ཡན་ལག་སྡེ་ཚན་གྱི་འགོ་འཛིན་ མཆོད་རྟེན་དབང་ཕྱུག་གིས་ སླབ་མིའི་ནང་ འཇོམས་གཙང་གཡུས་ཚན་ནང་ལས་ ཁྱིམ་གུང་༢ ཀྱིས་ ཉོགས་བཤད་ལྷོད་ཞིནམ་ལས་ ཨུ་མཛོ་རོང་ལུ་ཡོད་པའི་ སྤྱོད་ཁྲལ་བསྡུ་སྒྲིག་འབད་མི་ལུ་ ཞིབ་དཔྱད་འབད་བར་བཏངམ་ད་ མི་ཊར་གྱི་སྐྱོན་ ག་ནི་ཡང་མིན་འདུག་ཟེར་ སླབ་དེས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་དེ་ནང་ ཚར་གཅིག་གུ་ སྤྱོད་འཐུས་སྦོམ་སྦེ་ ཧེ་མ་ཐོན་ཐོནམ་མེད་རུང་ འདས་པའི་ཟླཝ་༤ དེ་ཅིག་ལས་ མི་རེ་༢ ལས་ ཉོགས་བཤད་ཚུ་ ལྷོད་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ གནད་དོན་ག་ཅི་ལུ་བརྟེན་ དེ་སྦེ་ ཡར་སོཔ་ཨིན་ན་ སླབ་མ་ཤེས་རུང་ ཟླཝ་འདི་གི་མཇུག་ལུ་ བཀྲ་ཤིས་སྒང་གློག་མེ་ཞབས་ཏོག་སྡེ་ཚན་དང་ བཀང་ལུང་གློག་མེ་ཞབས་ཏོག་གི་ ཡན་ལག་ཡིག་ཚང་ནང་ལས་ སྡེ་ཚན་ཅིག་གིས་ རྒེད་འོག་ནང་ མི་ཊར་གྱི་གནས་སྟངས་དང་ ཡོངས་འབྲེལ་ལམ་ལུགས་ དེ་ལས་ སྤྱོད་འཐུས་ཚུ་ རྟགས་མཐུན་མི་མཐུན་ ཞིབ་དཔྱད་འབད་བར་འགྱོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པའི་ གནས་ཚུལ།

No comments:

Post a Comment