གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤང་རི་ཟམ་པ་ལུ་ རྒྱ་ནག་སྤྱི་མདོས་ཐེངས་༩ པ་ འགོ་བཙུགས་ཡོདཔ།


དད་ཅན་ཚུ་གིས་ ཕྱག་འཚལ་སྨོན་ལམ་བཏབ་སྟེ་ སྙན་དར་ཕུལ་བའི་བསྒང་།
ཤེས་རབ་བསྟན་འཛིན།

ཁ་ཙ་ལས་ཐིམ་ཕུ་སྤང་རི་ཟམ་པ་ རྩིས་གཞུང་སློབ་གྲྭ་ནང་ ལོ་བསྟར་གནང་སྲོལ་ཡོད་མི་ རྒྱ་ནག་སྤྱི་མདོས་གནང་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཉིན་གྲངས་༧ གྱི་རིང་ གནང་ནི་ཨིན་མི་ བསྟན་སྤྱིའི་སྐུ་རིམ་དེ་ གཞུང་གྲྭ་ཚང་གི་ དབྱངས་པའི་སློབ་དཔོན་བགྲེསཔ་ སངས་རྒྱས་རྡོ་རྗེ་གིས་ དབུ་བཞུགས་ཐོག་ལས་ རྩིས་གཞུང་སློབ་གྲྭའི་ དགེ་སློང་ཞལ་གྲངས་༡༧༠ དེ་ཅིག་གིས་ སྒྲུབ་གནང་པའི་བསྒང་ཡོདཔ་ཨིན་པས།

སློབ་གྲྭའི་རྩིས་སློབ་ སྲིད་ཐར་རྒྱལ་མཚན་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ རྒྱ་ནག་སྤྱི་མདོས་ གནང་དགོ་པའི་རྒྱུ་མཚན་གཙོ་བོ་ར་ མི་དབང་ཡབ་སྲས་རྣམ་༢ ཀྱིས་གཙོས་པའི་ སྐུ་འཁོར་ལྷན་རྒྱས་ཚུ་དང་ བློན་འབངས་ཚུ་ སྐུ་ཚེ་ཞབས་པད་བརྟན་ནི་དང་ རང་གི་ལོ་ཟློག་དང་ ས་བརྐོ་རྡོ་སློག་དང་འབྲེལ་བའི་ ལཱ་ག་ཅི་ར་འབད་རུང་ དེ་གིས་ ཕན་པ་ཡོདཔ་མ་ཚད་ རང་གི་སྲོག་ལུས་དབང་ཐང་དང་ རླུང་རྟ་རྒུད་མི་ ལ་ལུ་མཐུན་༣ དུར་མིག་ གནམ་སྒོ་ ས་སྒོ་ དགུ་མིག་ བཙན་མདོས་ སྨན་མདོས་ མི་ཁ་ལ་སོགས་པའི་ རིམ་གྲོ་ཚུ་ ག་ར་ཚུད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རང་སོའི་ཁྱིམ་ནང་ འཆི་གླུད་ཟེར་ ལོགས་སུ་གཏང་མ་དགོ་པར་ སྐུ་གླུད་སྦོམ་སྦེ་ བཞེངས་ཡོད་མི་དེ་གིས་འཐུསཔ་ལས་ རང་རང་སོ་སོའི་ འབྲུ་སྣ་དང་ སྙན་དར་ཚུ་འབག་འོང་སྟེ་ ཕུལ་བ་ཅིན་ ལོ་༡ གི་ ནད་གདོན་གལ་རྐྱེན་བར་ཆད་ཚུ་ལས་ བཟློག་ཐབས་འབད་མ་ཚུགས་པའི་ ཐེ་ཚོམ་མེད་ཟེར་ཨིན་པས།
སྐུ་རིམ་གནང་སར་འོང་མི་ ཨ་རྒས་བསམ་གྲུབ་ཀྱིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ སྙན་དར་ཕུལ་ནི་དང་ སྨོན་ལམ་བཏབ་པར་ འོངམ་ཨིན་ཟེར་ཨིནམ་ད་ དུས་ཅི་ ཉིནམ་དང་པའི་ནང་ མི་ལེ་ཤ་ མི་འོང་མནོ་སྟེ་ འོང་བལྟཝ་ད་ ཧེ་མ་ལས་ གྱལ་བསྒྲིགས་ཏེ་ཡོདཔ་ལས་ སྙན་དར་ཕུལ་ཚུགས་ཚུགས་ལུ་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་ འགོར་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སང་ཕོད་ཡང་ རྒྱ་ནག་སྤྱི་མདོས་ཀྱི་ སྐུ་རིམ་གནང་སར་ སྨོན་ལམ་བཏབ་པར་ འོང་ཚུགས་པའི་ སྨོན་ལམ་ནན་བསྐྱར་བཏབ་ཅི་ཟེར་ཨིན་པས།
རྒྱ་ནག་སྤྱི་མདོས་ཀྱི་ བསྟན་སྤྱིའི་སྐུ་རིམ་ཐེངས་༩ པ་དེ་ བླམ་ཚེ་རིང་དབང་འདུས་ཀྱིས་ སྦྱིན་བདག་འབད་ཡོདཔ་ཨིན་པས།
སྐུ་རིམ་གནང་སར་ ཕྱག་འཚལ་སྨོན་ལམ་བཏབ་མི་ བརྒྱ་ཕྲག་ལས་བཅད་དེ་ འོང་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ རང་གི་གཟུགས་ལས་ དྲེག་པ་ཕྱིས་ཏེ་ འོང་མ་ཚུགས་རུང་ ཉེ་ཚན་དང་ ཆ་རོགས་ཚུ་གི་ལག་པར་ སྐྱེལ་བཏང་དོ་ཡོདཔ་ཨིན་པས།
རྒྱ་ནག་སྤྱི་མདོས་ཟེར་མི་དེ་ བྱུང་ས་ངོ་མ་ རྒྱ་ནག་ལས་འབད་ནི་དེ་གིས་ མིང་གནས་ལུ་ རྒྱ་ནག་དང་ མི་མང་སྤྱིའི་མདོས་སྦེ་གཏང་སྲོལ་ཡོད་ནི་དེ་གིས་ སྤྱི་མདོས་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment