གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེ་ནང་ཚུད་རུང་ ཁྲོམ་སྡེའི་མཐུན་རྐྱེན་ཚུ་ མ་ཐོབ་པའི་ཉོགས་བཤད།




བཀྲ་ཤིས་བསྟན་འཛིན།

༉ སྤྱི་ལོ་༢༠༡༠ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁྲོམ་སྡེའི་བཅད་མཚམས་བཟོ་བའི་ཤུལ་ལས་ བུམ་ཐང་གི་གཡུས་ཚན་ གོང་མཁར་དང་ ལྕམ་མཁར་ བྱ་དཀར་ལྷ་ཁང་ བྱ་དཀར་ དེ་ལས་ དབང་འདུས་ཆོས་གླིང་ཚུ་ ཁྲོམ་སྡེ་ནང་ ཚུད་ཡོདཔ་ཨིན་རུང་ ཁྲོམ་སྡེའི་མཐུན་རྐྱེན་ཚུ་ ག་ནི་ཡང་མ་ཐོབ་ལས་ ཉོགས་བཤད་ཚུ་ བཀོད་དོ་ཡོདཔ་ཨིན་པས།
བྱ་དཀར་གྱི་ ཚོགས་པ་བགྲེསཔ་ རྡོ་རྗེ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ཚུ་ ཁྲོམ་སྡེ་ནང་ ཚུད་པའི་ཤུལ་ལས་ གྲོང་གསེབ་ཀྱི་ ཤིང་གི་ཐོབ་ལམ་ཚུ་ བཏོགས་བཞག་ནི་དེ་གིས་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།

གཞུང་གིས་ གཡུས་ཚན་ཚུ་ ཁྲོམ་སྡེ་ནང་ཚུད་ཡོདཔ་སྦེ་ ངོས་འཛིན་འབད་རུང་ ཐོབ་ལམ་ཚུ་བྱིན་ནི་མེདཔ་ལས་ མི་སེར་ཚུ་ ཧེ་མ་ གྲོང་གསེབ་ནང་ སྡོད་དོ་བཟུམ་སྦེ་ར་ཡོདཔ་ལས་ བསྒྱུར་བ་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།

གཡུས་ཚན་དེ་ཚུའི་ནང་ ཐ་ན་ འཁོར་ལམ་དང་ གློག་མེའི་ཞབས་ཏོག་མཐུན་རྐྱེན་ཚུ་ ལེགས་ཤོམ་འབད་བཙུགས་ཏེ་ མ་བྱིནམ་ཨིན་པས།

རྒྱལ་མཁར་གྱི་ཚོགས་པ་ པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོ་གིས་ གྲོང་གསེབ་ཤིང་གི་ ཐོབ་ལམ་ཐོག་ལས་ ཁྱིམ་རྐྱབ་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ ཐོབ་ལམ་མེདཔ་བཟོ་ནི་དེ་གིས་ ཐོགས་ལུས་སོ་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁྲོམ་སྡེ་ནང་ཚུད་པའི་ངོས་འཛིན་འབད་རུང་ མི་སེར་ཚུ་གིས་ གཞུང་ལུ་ཁྲལ་བཏབ་པའི་སྐབས་ ཧེ་མ་ གྲོང་གསེབ་ནང་སྡོད་པའི་སྐབས་ བཏབ་དོ་བཟུམ་སྦེ་ རྒཔོ་གི་ཡིག་ཚང་ནང་ར་ བཏབ་དོ་ཟེར་ཨིནམ་ད་ ལཱ་གཞན་ག་ཅི་ཐོན་རུང་ ཧེ་མ་བཟུམ་སྦེ་ར་ འབད་དོ་ཟེར་ཨིན་པས།

ཚོགས་པ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ གནད་དོན་དེ་གི་སྐོར་ལས་ ནགས་ཚལ་དང་སོ་ནམ་བློན་པོ་ལུ་ ཞུ་བ་ཕུལ་བའི་སྐབས་ འཐོབ་ནི་སྦེ་གསུངས་ཡོད་རུང་ འབྲེལ་ཡོད་ཡིག་ཚང་ཚུ་ནང་ ཆོག་ཐམ་ལེན་པར་འགྱོཝ་ད་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིན་པས།

བུམ་ཐང་ཁྲོམ་སྡེའི་འཐུས་མི་ ཀརྨ་ལེགས་ལྡན་གྱིས་ ཐོབ་ལམ་བཏོགས་མི་དེ་གིས་ མི་སེར་ཚུ་གི་ མི་ཚེའི་གནས་སྟངས་ལུ་ ཐོ་ཕོག་སྟེ་ཡོདཔ་ལས་ གནས་སྐབས་ཅིག་ གཞུང་གིས་ ས་ཁོངས་དེ་ཚུའི་ནང་ གོང་འཕེལ་གྱི་ལཱ་ འགོ་མ་བཙུགས་པའི་སྐབས་ ཤིང་གི་ཐོབ་ལམ་ཚུ་ རང་འཇགས་བྱིན་རུང་ བཏུབ་ནི་མས་ཟེར་ཨིན་པས།

རྫོང་ཁག་ནགས་ཚལ་འགོ་དཔོན་གྱིས་ དེ་བཟུམ་མའི་ ལམ་ལུགས་དེ་ ནགས་ཚལ་དང་ རང་བཞིན་གནས་སྟངས་ཉམས་སྲུང་བཅའ་ཡིག་གིས་ བཀག་ཆ་འབད་ཡོདཔ་ད་ གཡུས་ཁའི་མི་ཚུ་གིས་ ཧེ་མའི་ ཐོབ་ལམ་ཚུ་ མི་གཞན་ལུ་བཙོང་སྟེ་ རང་གི་དོན་ལུ་ ལག་ལེན་མ་འཐབ་པའི་ ལོ་རྒྱུས་ཚུ་ཡང་འདུག་ཟེར་ཨིན་པས།

ཨིན་རུང་ བུམ་ཐང་གི་ ལུང་ཕྱོགས་ནགས་ཚལ་ཡིག་ཚང་ལས་ ནགས་ཚལ་གླིང་འཛིན་འགོ་དཔོན་ སྐལ་བཟང་ཟླ་བ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ མི་སེར་དག་པ་ཅིག་གིས་ ཞུ་ཡིག་བཙུགས་པར་འོང་རུང་ བཅའ་ཁྲིམས་དང་འཁྲིལཝ་ད་ ཐོབ་ལམ་མེདཔ་ལས་ ལོག་བཏང་ཡི་ཟེར་ཨིན་པས།

རྫོང་རབ་བསོད་ནམས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ དབུགས་འགམ་དི་དེ་ ངེས་བདེན་ཨིན་མི་དེ་ཡང་ གཡུས་ཚན་དེ་ཚུ་ ལོ་དག་པ་ཅིག་གི་ཧེ་མ་ལས་ ཁྲོམ་གྱི་ས་ཁོངས་ནང་ཚུད་པའི་ ངོས་འཛིན་འབད་བའི་ཤུལ་ལས་ གྲོང་གསེབ་ཀྱི་ཐོབ་ལམ་ཚུ་ མ་ཐོབ་སྦེ་ བཟོ་ཡོད་པའི་གུ་ ཁྲོམ་གྱི་འཆར་གཞི་ཨམ་དེ་ ད་ལྟོ་ ཞབས་ཏོག་ལྷན་ཁག་གིས་ ལཱ་འབད་བའི་བསྒང་ཡོདཔ་ལས་ ཁྲོམ་གྱི་མཐུན་རྐྱེན་ཚུ་ཡང་ བྱིན་མ་ཚུགས་པར་ ཡོད་ཟེར་ཨིན་པས།

རྫོང་རབ་ཀྱིས་ ད་ལྟོ་ འཁོར་ལམ་དང་ གློག་མེ་ཚུ་ བཙུགས་བྱིན་པ་ཅིན་ ཤུལ་ལས་ འཆར་གཞི་ཨམ་ལྷོད་པའི་སྐབས་ ལོག་སྟེ་ར་ བཤུབ་གཏང་དགོཔ་འཐོན་ནི་ཨིནམ་ལས་ ཟད་འགྲོ་འཕྲོ་བརླག་འགྱོ་ནི་མས་ཟེར་ཨིནམ་ད་ ཨིན་རུང་ གནས་སྐབས་ཅིག་གི་དོན་ལུ་ གྲོང་གསེབ་ཀྱི་ཐོབ་ཐངས་ཚུ་ ལོག་འཐོབ་ཐབས་ལུ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྫོང་བདག་ཚུ་གི་ ཞལ་འཛོམས་ནང་ གསུང་གྲོས་གནང་ནིའི་དོན་ལུ་ བཙུགས་ཏེ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གནད་དོན་དེ་ལུ་བལྟ་སྟེ་ ལཱ་འབད་བའི་རེ་བ་ཡོད་ཟེར་ཨིན་པས།

གྲོང་གསེབ་ཀྱི་ ཤིང་གི་ཐོབ་ལམ་ཡོད་པའི་སྐབས་ མི་སེར་ཚུ་གིས་ ལོ་༡ ནང་ ཐབ་ཤིང་གི་དོན་ལུ་ སྣུམ་འཁོར་ཊཱག་༡ དང་ རཝ་རྐྱབ་ནི་གི་དོན་ལུ་ ཤིང་རྩ་བ་༥༠ དེ་ལས་ ཤིང་དྲ་ནིའི་དོན་ལུ་ རྩ་བ་༡༠ ཐོབ་སྲོལ་ཡོད་རུང་ ད་ལྟོ་ ཐོབ་ནི་མེདཔ་ད་ ལོ་ངོ་༢༥ ནང་ ཁྱིམ་རྐྱབ་ནིའི་དོན་ལུ་ ཤིང་ཆས་ཚར་རེ་ ཐོབ་མི་དང་ ཉམས་བཅོས་ཀྱི་དོན་ལུ་ ཐོབ་ལམ་ཡོད་མི་ཚུ་ཡང་ བཏོགས་བཏང་ཡོད་པའི་གནས་ཚུལ།





No comments:

Post a Comment