གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཇ་པཱན་ལུ་ ས་ཡོམ་དང་ མཚོ་རླབས་ཀྱིས་ ཤི་རྐྱེན་བྱུང་མི་ཚུ་ལུ་ མྱ་ངན་རྗེས་དྲན།


མི་དབང་རྒྱལ་བཙུན་རྣམ་གཉིས་དང་ བློན་ཆེན་གྱིས་ ལྕང་སྒང་ཁ་ལྷ་ཁང་ནང་
 མར་མེ་ཕུལ་གནང་པའི་བསྒང་།

རིག་འཛིན་དབང་ཕྱུག།

༉ ཁ་ཙ་ ཇ་པཱན་གྱིས་ རྒྱལ་ཁབ་ཀྱི་ བྱང་ཤར་མཚོ་གླིང་ཁ་ཐུག་ལུ་ ས་ཡོམ་དང་ ཙུ་ནཱ་མི་ཟེར་མི་ མཚོ་རླབས་དྲག་པོ་ལུ་བརྟེན་ མི་སེར་༢༠,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་སྟེ་ ལོ་༡ འཁོར་བའི་ མྱ་ངན་རྗེས་དྲན་འབདཝ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ཐིམ་ཕུ་ལྕང་སྒང་ཁ་ལྷ་ཁང་ནང་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལུ་ ཐུགས་སྨོན་དང་ མར་མེ་ཕུལ་གནང་ཡི།

ཚེ་འདས་ཚུ་གི་དོན་ལུ་ སྨོན་ལམ་དང་ དཀར་མེ་སྟོང་ཕུལ་གནང་སར་ མི་དབང་རྒྱལ་བཙུན་རྣམ་གཉིས་དང་གཅིག་ཁར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་ དེ་ལས་ འབྲུག་ལུ་ཡོད་མི་ ཇ་པཱན་གྱི་ མི་སྡེ་དང་ ཇའི་ཀ་གི་ སློབ་ཕྲུག་བགྲེསཔ་ཚུ་གིས་ འབྲེལ་གཏོགས་འབད་ཡི།
རྐྱེན་ངན་དེ་ སྤྱི་ལ་༢༠༡༡ ཟླཝ་༣ པའི་ཚེས་༡༡ ལུ་ ཇ་པཱན་གྱི་ ཉིན་མའི་ཆུ་ཚོད་༢.༤༦ འབདཝ་ད་ འབྲུག་གི་ཆུ་ཚོད་༡༡.༤༦ ལུ་ བྱུང་ཡོདཔ་ལས་ དུས་ཚོད་འདི་གུ་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ དབུ་གཙོས་པའི་ དེ་ཁར་འཛོམས་མི་ཚུ་གིས་ དུས་ཡུན་སྐར་མ་༡ གི་རིང་ མྱ་ངན་གྱི་ སྨོན་འདེབས་ཞུ་ཡི།
མྱ་ངན་དུས་སྟོན་སྐབས་ མི་དབང་མཆོག་གིས་ ཇ་པཱན་གྱི་ མི་སེར་ཚུ་ལུ་ ཐུགས་སྨོན་དང་ ལེགས་སྨོན་ཚུ་ གསུངས་གནང་ཡོདཔ་ད་ ཇ་པཱན་གྱི་ རྒྱལ་ཆེན་ལུ་ ཕྱག་ཡིག་ཅིག་ གནང་མིའི་ནང་ མི་དབང་མངའ་ཞབས་མཆོག་གིས་ ངན་རྐྱེན་ག་ཅིའི་ཐད་ལས་འབད་རུང་ ཇ་པཱན་གྱིས་ གདོང་ལེན་སྒྲིང་སྒྲིང་འབད་ཚུགས་པའི་ ཐུགས་གཏད་ཡོད་ལུགས་ བཀོད་གནང་ནུག།
ན་ཧིང་ སྤྱི་ཟླ་༡༡ པའི་ནང་ ཇ་པཱན་ལུ་ རྒྱལ་རབས་ཅན་གྱི་ རྒྱལ་ཁམས་གཟིགས་སྐོར་གནངམ་ད་ མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ རྐྱེན་ངན་བྱུང་སའི་ས་གནས་ ཕུ་ཀུ་ཤི་མ་ལུ་ ཆིབས་སྐྱོད་གནང་སྟེ་ མི་སེར་ཚུ་དང་ མཇལ་ཕྲད་གནང་ཡོདཔ་མ་ཚད་ རང་བཞིན་གྱི་ རྐྱེན་ངན་ནང་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལུ་ ཐུགས་སྨོན་གནང་ཡོདཔ་ཨིན་པས།
རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ ན་ཧིང་ སྤྱི་ཟླ་༣ པའི་ཚེས་༡༡ ལུ་ རྐྱེན་ངན་བྱུང་ཞིནམ་ལས་ཚུར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བྱུང་རྐྱེན་དེ་གི་སྐོར་ལས་ གནས་ཚུལ་ཚུ་ གཟིགས་ཞིབ་དམ་ཟབ་ཐོག་ འབྲུག་ལུ་ཡོད་མི་ ཇ་པཱན་གྱི་ མི་སྡེ་ཚུ་དང་ འབྲེལ་བ་འཐབ་གནང་བཞིན་དུ་ཡོད་ཟེར་བཀོད་ནུག།
འབྲུག་ལུ་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་ཚབ་(ཇའི་ཀ)ཀྱི་ གནས་བཞུགས་སྐུ་ཚབ་ ཊོམ་ནི་ཏ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ན་ཧིང་ ཇ་པཱན་ལུ་ ས་ཡོམ་ཤུགས་ཚད་ རེག་ཊར་ཨིསི་ཀེལ་༩.༠ རྐྱབ་པའི་ཤུལ་ལུ་ རྒྱ་མཚོ་རྦ་རླབས་འཁྲུགས་ཏེ་ རྒྱ་མཚོའི་མཐའམ་བདའ་སྟེ་ སྡོད་མི་ཚུ་ འཕྱགས་བདའ་བའི་སྐབས་ མི་སེར་༡༦,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་༣,༠༠༠ ལྷགཔ་ཅིག་ གར་སོར་མེད་པར་ བྱང་དཔ་ལས་ ཕུངམ་ཐོབ་མ་ཚུགས་ཟེར་ཨིན་པས།
རྒྱ་མཚོའི་རྦ་རླབས་འཁྲུགས་ཏེ་ སྣུམ་འཁོར་ཀཱར་དང་ གྲུ་ སྒྲིང་ཁྱིམ་ཚུ་ འཕྱགས་བདའ་སྟེ་ རྒྱ་མཚོའི་མཐའམ་བདའ་སྟེ་ སྡོད་མི་ཚུ་ ཕྱེ་འཐག་ཐ་བཟོ་བཏང་ཡོདཔ་ཨིན་པས།
དེ་མ་ཚད་ རྐྱེན་ངན་དེ་ལུ་བརྟེན་ ཕུ་ཀུ་ཤི་མ་ ཌའི་ཅི་རྡུལ་མཚོན་འཕྲུལ་ཁང་དེ་ལུ་ཡང་ གནོད་སྐྱོན་རྐྱབ་སྟེ་ འཕྲུལ་ཁང་དེ་ལས་ རྡུལ་མཚོན་གྱི་ འོད་རླབས་ཐོན་ཡར་སོཔ་ལས་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ས་གོ་སོ་སོའི་ནང་ བཏོན་དགོཔ་བྱུང་ཡོདཔ་ཨིན་པས།
ཁ་ཙ་ མྱ་ངན་བརྩི་སྲུང་ཞུ་སའི་ ལྕང་སྒང་ཁ་ལྷ་ཁང་དེ་ དུས་རབས་༡༢ པའི་ནང་ འབྲུག་ལུ་ དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་ བསྟན་པའི་སྲོལ་འགོ་དང་པ་གཏོད་མི་ དབོན་རས་དྷརྨ་སེངྒེའི་ཞལ་སློབ་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་ གདན་ས་ཨིན་པའི་གནས་ཚུལ།

No comments:

Post a Comment