གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ཁང་ཚུ་གིས་ འབྲུག་ལུ་མ་སྡོད་མི་ ཕྱི་མི་ཚུ་གི་ རྩིས་དེབ་ཆ་མེད་གཏང་དགོཔ།


བསམ་གཏན་ཡེ་ཤེས།
༉ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ མི་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་རུང་ དངུལ་རྩིས་ལྷན་ཁག་གིས་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཐབས་ལམ་ཚུ་ བཏོན་དོ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
ཐབས་ལམ་ཚུ་ཡང་ ནང་འདྲེན་འབད་ནི་དང་ རུ་པི་ཕྱི་ཁར་གཏང་ནི་ཚུ་ མར་ཕབ་རྐྱབ་ནིའི་དོན་ལུ་ ས་སྣུམ་དང་ རྒྱུ་ཆས་ལ་སོགས་པའི་ དགོས་མཁོ་ཅན་ཚུ་གི་དོན་ལུ་ རུ་པི་བྱིན་ནི་ཨིནམ་ད་ དེ་མིན་པ་ཅིན་ རུ་པི་བྱིན་ནི་དེ་ དམ་དམ་བཟོ་ཡོདཔ་མ་ཚད་ འབྲུག་ལུ་མ་སྡོད་མི་ ཕྱི་མི་ཚུ་གིས་ དངུལ་ཁང་ཚུ་ནང་ རྩིས་དེབ་ཕྱེ་མ་ཆོགཔ་ཨིན་པས།

དངུལ་རྩིས་བློན་པོ་གིས་ འདས་པའི་བདུན་ཕྲག་མཇུག་ལུ་ བརྡ་བརྒྱུད་ཚུ་ལུ་ གསུངས་མིའི་ནང་ རུ་པིའི་དཀའ་ངལ་སེལ་ཐབས་ལུ་ ལས་བྱེད་ཚོགས་ཆུང་གིས་ ཞིབ་དཔྱད་སྙན་ཞུ་འབད་མི་དང་འཁྲིལཝ་ད་ ནང་འདྲེན་མར་ཕབ་རྐྱབ་ནི་དེ་ གནས་སྐབས་ཀྱི་ཐབས་ལམ་ གཙོ་ཅན་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་རུང་ གལ་སྲིད་གནས་སྟངས་ལེགས་འགྱུར་མེད་པ་ཅིན་ ཡུན་རིང་གི་ ཐབས་ལམ་དོན་ལུ་ སྣུམ་འཁོར་ནང་འདྲེན་ནང་ ཁྲལ་ཡར་སེང་འབད་ནི་ཚུ་ཡང་ ཐབས་ལམ་གྱི་ གདམ་ཁ་ཨིན་ཟེར་ཨིན་པས།
བློན་པོ་གིས་ ནང་འདྲེན་གྱི་གྲས་ལས་ མཐོ་ཤོས་ར་ སྣུམ་འཁོར་ནང་འདྲེན་ཨིནམ་ལས་ ས་སྣུམ་རྒྱ་ཆེ་དྲགས་སྦེ་ ནང་འདྲེན་འབད་དགོཔ་མ་ཚད་ ཡན་ལག་ཅ་ཆས་ཚུ་ཡང་ ནང་འདྲེན་འབད་དགོཔ་ལས་ སྣུམ་འཁོར་ནང་འདྲེན་ལུ་བརྟེན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཁྱད་པར་སྦོམ་བཟོཝ་མས་ཟེར་ཨིན་པས།
དེ་འབདཝ་ད་ གདམ་ཁ་དེ་ དེ་འཕྲོ་ལས་ ལག་ལེན་འཐབ་མ་ཚུགས་མི་དེ་ཡང་ ཁྲལ་དང་འབྲེལ་བའི་གནད་དོན་ཨིནམ་ལས་ སྤྱི་ཚོགས་ནང་ གསུང་གྲོས་གནང་སྟེ་མ་གཏོགས་ ཆ་འཇོག་འབད་ཐབས་མེད་ཟེར་ཨིན་པས།
འབྲུག་ལུ་མ་སྡོད་མི་ ཕྱི་མི་ཚུ་གིས་ འབྲུག་གི་དངུལ་ཁང་ཚུ་ནང་ གསོག་འཇོག་གི་རྩིས་དེབ་ ཕྱེ་མ་ཆོགཔ་ཨིནམ་ད་ དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལཝ་ད་ ཧེ་མ་ལས་ རྩིས་དེབ་ཡོད་མི་ ཕྱི་མི་ཚུ་ཡང་ འབྲུག་ལུ་སྡོད་མི་མེན་པ་ཅིན་ སྤྱི་ཟླ་༣ པའི་ཚེས་༡༥ ལས་དངུལ་ཁང་ཚུ་གིས་ ཆ་མེད་གཏང་དགོ་ཟེར་ཨིན་པས།
འབྲུག་ལུ་མ་སྡོད་རུང་ འབྲུག་གི་དངུལ་ཁང་ཚུ་ནང་ གསོག་འཇོག་གི་རྩིས་དེབ་ཡོད་མི་ ཕྱི་མི་མང་ཤོས་ར་ ས་མཚམས་ཁྲོམ་སྡེ་ཚུ་ནང་ འཐོན་ནི་གི་ འོས་འབབ་ཡོདཔ་ད་ དེ་ཡང་ དཔེ་འབད་བ་ཅིན་ འབྲུག་གི་ས་མཚམས་ཁྲོམ་སྡེ་ ཇའི་སྒང་གི་ ཚོང་པ་ཚུ་གིས་ དངུལ་ཀྲམ་ལེན་ཏེ་ འབྲུག་གི་དངུལ་ཁང་ཚུ་ནང་ བཙུག་ཞིནམ་ལས་ ལོག་བཏོནམ་ད་ རུ་པི་བཏོན་འབག་འགྱོཝ་ཨིན་པས།
གནད་དོན་དེ་ལུ་ འབྲུག་མི་ལ་ལུ་ཅིག་གིས་ ཁོང་ཆ་ཁྱབ་ འབྲུག་གི་དངུལ་ཁང་ཚུ་ནང་ ཏི་རུ་བཞག་མ་ཆོག་པ་ཅིན་ ཁོང་གིས་ དངུལ་ཀྲམ་ལེན་ནི་དེ་ཡང་ མཚམས་འཇོག་འབད་བའི་ ཚ་གྱང་ཡོད་ཟེར་ཨིནམ་ད་ ཨིན་རུང་ མི་ལ་ལུ་གིས་འབད་བ་ཅིན་ དེ་གིས་འབྲུག་གི་ དཔལ་འབྱོར་གནས་སྟངས་ལུ་ ལེགས་བསྒྱུར་འགྱོ་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
ལས་འཛིན་ཅིག་ནང་ལཱ་འབད་མི་ ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ས་མཚམས་ཁྲོམ་སྡེ་ཚུ་ནང་ འབྲུག་གི་ཏི་རུ་ ལེན་མ་བཏུབ་པའི་སྐབས་ འབྲུག་ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ལུ་ དང་འདོད་བསྐྱེད་ནིའི་ འོས་འབབ་ཡོདཔ་ལས་ ནང་འཁོད་ཀྱི་ ཚོང་འབྲེལ་ཚུ་ ཡར་དྲག་འགྱོ་ནི་གི་ འོས་འབབ་མཐོངམ་མས་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ཧེ་མ་ འབྲུག་མི་ཚུ་གིས་ བྱ་གསོ་སྐྱོང་ཁང་ལུ་ དང་འདོད་མེདཔ་ཨིན་རུང་ སྒོང་རྡོག་ནང་འདྲེན་ བཀག་དམ་འབད་ཞིནམ་ལས་ཚུར་ འབྲུག་མི་ཚུ་གིས་ བྱ་གསོ་སྐྱོང་ཁང་ཚུ་ གཞི་བཙུགས་འབད་དེ་ ཚོང་འབྲེལ་གྱི་གོ་སྐབས་ ལེན་དོ་བཟུམ་ཅིག་ ཨིན་ཟེར་བའི་གནས་ཚུལ།

No comments:

Post a Comment