གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནགས་མེ་ གསད་མ་ཚུགས་པར་ཡོདཔ།


འོག་ལས་ན་གཡུས་ཚན་གྱི་ མགུ་ལས་ ནགས་ཚལ་མེ་རྐྱེན་ཤོར་བའི་བསྒང་།


བཀྲིས་ཕུན་ཚོགས།
༉ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ ཐིམ་ཕུ་སྨད་ཝང་རྒེད་འོག་ འོག་ལས་ན་གཡུས་ཚན་ནང་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་ ད་ལྟོའི་བར་ན་ཡང་ གསད་མ་ཚུགས་པར་ ཡོདཔ་ཨིན་པས།
རྣམ་སྲས་གླིང་ལས་ གཡུས་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དེ་ཚེ་ ཉིན་མའི་ཆུ་ཚོད་༡.༣༠ དེ་ཅིག་ཁར་ འོག་ལས་ན་གཡུས་ཚན་གྱི་ ཨེ་པཱལ་ལྡུམ་ར་ཅིག་ནང་ རག་རོ་ཚུ་མེ་བཏངམ་ད་ བྱུང་བྱུངམ་བཟུམ་ཅིག་ མཐོང་ཡི་ཟེར་ཨིན་པས།

ཨིན་རུང་ ནགས་ཚལ་གཙོ་འཛིན་འགོ་དཔོན་ ཕན་ཏོ་ཚེ་རིང་གིས་ ནགས་ཚལ་མེ་རྐྱེན་དེ་ གཡུས་ཚན་དེ་ནང་ རག་རོ་ཚུ་ མེ་བཏང་པའི་སྐབས་ལུ་ བྱུང་ནུག་ཟེར་ སླབ་ཨིན་པས།
དུས་ཚོད་འ་ནེམ་ཅིག་ཁར་ རླུང་ཤུགས་འཕུ་དོ་ཡོདཔ་ལས་ ནགས་ཚལ་མེ་རྐྱེན་བྱུངམ་ད་ བཀག་ཚུགས་ནི་དེ་ ལཱ་ཁག་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ཨིན་རུང་ ནགས་མེ་གསད་ནིའི་དོན་ལུ་ རྨད་ཝང་རྒེད་འོག་དང་ བརཔ་ དེ་ལས་ ལྕང་རྒེད་འོག་ལས་ མི་སེར་ཚུ་གིས་ བཅའ་མར་གཏོགས་པའི་ཁར་ ནགས་ཚལ་སྲུང་སྐྱོབ་སྡེ་ཚན་དང་ ཁྲིམས་སྲུང་འགག་པ་ བསྟན་སྲུང་དམག་མི་ སྐུ་སྲུང་དམག་མི་ མེ་བསད་སྡེ་ཚན་ དེ་ལས་ བདེ་སྲུངཔ་ཚུ་འབདཝ་ད་ མི་གྲངས་༣༠༠ ལྷགཔ་ཅིག་གིས་ ཆ་རོགས་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ནགས་ཚལ་མེ་རྐྱེན་དེ་གིས་ མི་དང་ སྒོ་ནོར་སེམས་ཅན་ དེ་ལས་ སྡོད་ཁྱིམ་ཚུ་ལུ་ གནོད་སྐྱོན་ཚུ་ ག་ནི་ཡང་ མ་བྱུང་ཟེར་ཨིནམ་ད་ བྱག་དང་ ལམ་མ་ཐལ་བའི་ ས་གོ་ཚུ་ནང་ མེ་འབར་བའི་བསྒང་ཡོདཔ་ལས་ གསད་ཚུགས་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ ཕན་ཏོ་ཚེ་རིང་གིས་ སླབ་མིའི་ནང་ ནགས་ཚལ་མེ་རྐྱེན་དེ་ འོག་ལས་ནང་ ཨེ་པཱལ་ལྡུམ་ར་ཅིག་གི་ སྲུང་རྒྱབ་དེ་གིས་ རག་རོ་ཚུ་ མེ་བཏང་པའི་སྐབས་ལུ་ བྱུང་ནི་དེ་གིས་ ཁྲིམས་དང་ ཉེས་ཆད་ཚུ་ག་ར་ ཨེ་པཱལ་ལྡུམ་རའི་ ཇོ་བདག་ལུ་ ཕོག་ཟེར་ཨིན་པས།
དེ་ཡང་ ནགས་ཚལ་ཨེ་ཀར་རེ་ལུ་ ཉེས་ཚད་དངུལ་ཀྲམ་༣༠༠ རེ་ ཕོག་ཟེར་ཨིནམ་ད་ ད་ལྟོ་ ཤིང་དང་ ནགས་ཚལ་ཨེ་ཀར་ག་དེམ་ཅིག་ མེ་གིས་འཚིགས་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིནམ་ད་ མེ་གསད་ཚར་བའི་ཤུལ་ལས་རྐྱངམ་གཅིག་ ཤེས་ཚུགས་ནི་མས་ཟེར་ སླབ་ཨིན་པས།
དུས་ཅི་ ཐིམ་ཕུ་རྫོང་ཁག་ནང་ ནགས་ཚལ་མེ་རྐྱེན་བྱུང་མི་དེ་ འགོ་དང་པ་ཨིན་ཟེར་ ནགས་ཚལ་གཙོ་འཛིན་འགོ་དཔོན་ ཕན་ཏོ་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment