གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཟླ་༣ པའི་ཚེས་༨ ཀྱི་ཧེ་མར་ གནང་བ་གྲུབ་མི་ཚུ་གིས་མ་གཏོགས་ ཁྱིམ་བཟོའི་སྐྱིན་འགྲུལ་མི་ཐོབ་ནི།


ཉི་མ་དབང་འདུས།

༉ འདས་པའི་བདུན་ཕྲག་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་ལས་སྡེ་ཚུ་ལུ་ བཟོ་སྐྲུན་གྱི་ སྐྱིན་འགྲུལ་དེ་ སྤྱི་ཟླ་༣ པའི་ཚེས་༨ ཀྱི་ཧེ་མ་ལས་ གནང་བ་གྲུབ་ཡོད་མི་ཚུ་ལུ་མ་གཏོགས་ གཞན་མི་གསརཔ་ཚུ་ལུ་ བྱིན་མ་ཆོག་པའི་ བཀའ་རྒྱ་བཏོན་མི་ལུ་བརྟེན་ དངུལ་འབྲེལ་ལས་སྡེའི་ ལས་བྱེདཔ་ཚུ་ ཚོང་མགྲོན་པ་ཚུ་དང་འབྲེལ་བ་འཐབ་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

དངུལ་འབྲེལ་ལས་སྡེ་ཅིག་གི་ སྐྱིན་འགྲུལ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཚོང་མགྲོན་པ་ལ་ལུ་ཅིག་གིས་ ཁོང་གི་ སྐྱིན་འགྲུལ་ཞུ་ཡིག་ལུ་ ག་ཅི་སྦེ་ ངོས་ལེན་མ་འབདཝ་སྨོ་ཟེར་སླབ་སྟེ་ ཧད་བཏགས་འཚོལཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ཚོང་མགྲོན་པ་ཚུ་ལུ་ གོ་བ་བཤད་དེ་སླབ་རུང་ དེ་བཟུམ་མའི་ བཀག་ཆའི་སྐོར་ ཧེ་མ་ལས་ མི་མང་ལུ་ གསལ་བསྒྲགས་ག་ཅི་ཡང་མེད་པར་ ལག་ལེན་འཐབ་མས་ཟེར་སླབ་སྟེ་ སྐྱིན་འགྲུལ་དགོཔ་སྦེ་ར་ ཨུ་ཚུགས་བསྐྱེདཔ་མས་ཟེར་ཨིན་པས།
བཟོ་སྐྲུན་གྱི་ སྐྱིན་འགྲུལ་མ་ཐོབ་མི་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ སྐྱིན་འགྲུལ་གྱི་དོན་ལུ་ ཞུ་ཡིག་ཚུ་ ཧེ་མ་ལས་ར་བཙུགས་ཡོདཔ་ཨིན་རུང་ ཐོབ་མ་ཚུགས་མི་དེ་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་གིས་ གནང་བ་བྱིན་ནི་ལུ་ དུས་ཡུན་རིངམོ་ འགོར་མི་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།
སྐྱིན་འགྲུལ་མ་ཐོབ་མི་ཅིག་གིས་འབད་བ་ཅིན་ ཁོ་གིས་ བཟོ་སྐྲུན་གྱི་གནང་བའི་དོན་ལུ་ ཞུ་ཡིག་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ བཙུགས་ཡོདཔ་ཨིན་རུང་ ད་རེས་ཁམས་ཅིག་ལུ་མ་གཏོགས་ གནང་བ་ཐོབ་མ་ཚུགས་ཟེར་ དབུགས་འགམ་སྟེ་ སླབ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དངུལ་འབྲེལ་ལས་སྡེ་ག་ར་གིས་ བཟོ་སྐྲུན་གྱི་ སྐྱིན་འགྲུལ་བྱིན་ནི་དེ་ མཚམས་འཇོག་འབད་བའི་ཤུལ་ལུ་ ཁོང་གི་ལས་སྡེ་ནང་ མི་མང་རབས་ཅིག་གིས་ ག་ཐོབ་རྐྱབ་ཡོདཔ་ཨིན་རུང་ ད་ལྟོ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྒྱལ་ཁབ་ནང་ མེད་པ་ལུ་བརྟེན་ སྒུག་སྟེ་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱིས་ ད་ལྟོ་ཚུན་ ཚོང་མགྲོན་པ་༥༧༢ ལུ་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ སྐྱིན་འགྲུལ་ དངུལ་ཀྲམ་དུང་ཕྱུར་༢ དེ་ཅིག་ བྱིན་ཡོདཔ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་གིས་ གཞན་དང་ཕྱདཔ་ད་ སྐྱེད་མཐོ་སུ་འབད་མི་ གྲོང་གསེབ་ཁྱིམ་བཟོའི་ སྐྱིན་འགྲུལ་རྐྱངམ་གཅིག་ བྱིན་དོ་ཡོདཔ་ལས་ དེ་བཟུམ་མའི་ དཀའ་ངལ་ཚུ་ མ་བྱུང་ཟེར་ སྐྱིན་འགྲུལ་འགོ་དཔོན་གྱིས་ སླབ་ཡོདཔ་ད་ འབྲུག་ཉེན་བཅོལ་ཡིག་ཚང་ནང་འབད་བ་ཅིན་ དུས་ཅི་ ཁྱིམ་བཟོའི་སྐྱིན་འགྲུལ་ལེན་མི་ ཕུད་རྡོག་གཅིག་ཡང་ མ་ཐོནམ་ཨིན་པས།
ད་ལྟོ་ཚུན་ དངུལ་འབྲེལ་ལས་སྡེ་ཚུ་གིས་ ཁྱིམ་བཟོའི་དོན་ལུ་ སྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་དུང་ཕྱུར་༡༠.༢༩ དང་ བརྒྱ་ཆ་འབད་བ་ཅིན་ བརྒྱ་ཆ་༢༥.༣༡ བྱིན་ཡོད་མི་དེ་ སྐྱིན་འགྲུལ་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་འོག་ལས་ར་ བཟོ་བཀོད་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་གི་དོན་ལུ་ དངུལ་ཀྲམ་དུང་ཕྱུར་་༧.༠༩ དེ་ལས་ སྒེར་དོན་སྐྱིན་འགྲུལ་ དངུལ་ཀྲམ་དུང་ཕྱུར་༦.༥༢ བྱིན་ཡོདཔ་སྦེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྙན་ཞུའི་ནང་ བཀོད་ནུག།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ གྲོས་སྟོན་པ་ ཀཱལ་ཡཱན་ ཀུ་མཱར་ བྷ་དུ་རི་གིས་འབད་བ་ཅིན་ ད་རེས་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ཡོད་པའི་སྐབས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ལྟ་སྟེ་ དེ་བཟུམ་མའི་ ཐབས་ལམ་བཏོན་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ རང་དོན་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་སྐོར་ལས་ཡང་ མནོ་བསམ་གཏང་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
འབྲུག་གིས་ ཕྱིར་ཚོང་ཡར་སེང་འབད་ནིའི་དོན་ལུ་ གློག་ཤུགས་རྐྱངམ་གཅིག་ལུ་ བསྟེན་སྡོད་ནི་མིན་པར་ གཞན་ཡང་ ས་གཏེར་དང་ སོ་ནམ་ཐོན་སྐྱེད་ཚུ་ གོང་འཕེལ་གཏང་དགོཔ་ཨིན་ཟེར་ གྲོས་སྟོན་པ་ ཀཱལ་ཡཱན་ ཀུ་མཱར་ བྷ་དུ་རི་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment