གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པི་དང་འབྲེལ་བའི་སྐྱིན་འགྲུལ་ཚུ་ མཚམས་འཇོག་འབད་ཡོདཔ།


ཉི་མ་དབང་འདུས།

༉ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་བསལ་ནིའི་དོན་ལུ་ དངུལ་འབྲེལ་ལས་སྡེ་ཚུ་གིས་ རུ་པི་དང་འབྲེལ་བའི་ སྐྱིན་འགྲུལ་བྱིན་ནི་ཚུ་ མཚམས་འཇོག་འབད་ཡོདཔ་ཨིན་པས།
འབྲུག་གི་དངུལ་ཁང་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་༢ ཀྱིས་ སྐྱིན་འགྲུལ་གྱི་རིགས་ག་ར་ མཚམས་འཇོག་འབད་ཡོདཔ་ད་ ཊི་དངུལ་ཁང་གིས་ཡང་ ཁྱིམ་བཟོ་དང་ སྣུམ་འཁོར་གྱི་སྐྱིན་འགྲུལ་ཚུ་ མཚམས་འཇོག་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ འབྲུག་གོང་འཕེལ་དངུལ་ཁང་དང་ རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱིས་ཡང་ རུ་པི་མ་ལང་པའི་དཀའ་ངལ་དེ་ མར་ཕབ་འབད་ཐབས་ལུ་ ཁྱིམ་བཟོ་དང་ སྣུམ་འཁོར་གྱི་སྐྱིན་འགྲུལ་ཚུ་ མཚམས་འཇོག་འབད་ནུག།
འདས་པའི་བདུན་ཕྲག་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ བཀའ་རྒྱ་བཏོན་མི་དང་འཁྲིལ་ དངུལ་འབྲེལ་ལས་སྡེ་ཚུ་གིས་ ཁྱིམ་བཟོའི་སྐྱིན་འགྲུལ་གསརཔ་དང་ སྐྱེལ་འདྲེན་གྱི་སྐྱིན་འགྲུལ་ཚུ་ བཀག་བཞག་ཡོདཔ་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ སྐྱིབ་ཅུ་ཚེ་རིང་གིས་ སླབ་མིའི་ནང་ དངུལ་འབྲེལ་ལས་སྡེ་ཚུ་གིས་ འཕྲལ་མགྱོགས་ར་ དངུལ་ཁང་གིས་ བགོ་བཤའ་འཆང་མི་ཚུ་ལུ་ ཁེ་སང་བགོ་བཀྲམ་དང་ ཁྲལ་ཚུ་བཏབ་པའི་སྐབས་ རུ་པི་ཚུ་ ཕྱི་ཁར་གཏང་དགོཔ་འཐོན་ནི་ཨིནམ་ལས་ དེ་བཟུམ་མའི་ ཐབས་ལམ་ཚུ་ བཏོན་དགོཔ་ཁག་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐྱིན་འགྲུལ་གྱི་ བཀག་ཆའི་དུས་ཡུན་དེ་ གནས་སྟངས་དང་འཁྲིལ་ ཟླཝ་༢ ལས་༦ དེ་ཅིག་ འགོར་ནི་མས་ཟེར་ཨིནམ་ད་ ད་ལྟོ་ སྐྱིན་འགྲུལ་གྱི་སྐྱེད་ཚུ་ ཡར་སེང་མ་འབད་རུང་ ཤུལ་ལས་ གནས་སྟངས་དང་འཁྲིལ་ ཡར་སེང་འགྱོ་འོང་ཟེར་ཨིན་པས།
ཊི་དངུལ་ཁང་གི་ འཛིན་སྐྱོང་གཙོ་འཛིན་འགོ་དཔོན་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ རྒྱ་གར་གྱི་ རུ་པི་དང་འབྲེལ་བའི་ སྐྱིན་འགྲུལ་ཚུ་འབྱིན་ནི་ལུ་ ལྟ་རྟོག་ལེགས་ཤོམ་སྦེ་ར་ འབད་དོ་ཟེར་ སླབ་ཨིན་པས།
འབྲུག་པཱན་ཇབ་རྒྱལ་ཡོངས་དངུལ་ཁང་གིས་ སྣུམ་འཁོར་གྱི་སྐྱིན་ཚབ་ ལོ་༣ ནང་ ལོག་བཏབ་ནི་ཨིན་མི་ཚུ་ལུ་ སྐྱེད་བརྒྱ་ཆ་༡༠ འབད་མི་དེ་༡༡ ལུ་ ཡར་སེང་རྐྱབ་ཡོདཔ་ད་ སྐྱིན་ཚབ་ལོ་༧ ནང་ ལོག་བཏབ་ནི་ཨིན་མི་ཚུ་ སྐྱེད་བརྒྱ་ཆ་༡༡.༥ ལུ་ ཡར་སེང་རྐྱབ་ཅི་ཟེར་ དངུལ་ཁང་གི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
སི་ཊི་དངུལ་ཁང་དང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ཚུ་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཕྱི་རྒྱལ་གྱི་ བགོ་བཤའ་འཆང་མི་ཨིནམ་ད་ འབྲུག་པཱན་ཇབ་རྒྱལ་ཡོངས་དངུལ་ཁང་གིས་ཡང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བགོ་བཤའ་བརྒྱ་ཆ་༥༡ དང་ དངུལ་ཀྲམ་ནང་འབད་བ་ཅིན་ ས་ཡ་༡༥༣ འཆང་སྟེ་ཡོདཔ་ཨིན་པས།
དེ་ལས་ གཞན་མི་ དངུལ་འབྲེལ་ལས་སྡེ་ཚུ་ མང་ཤོས་ཅིག་གིས་ སྐྱིན་འགྲུལ་གྱི་སྐྱེད་དེ་ བརྒྱ་ཆ་༡༠ ཨིན་རུང་ འབྲུག་གོང་འཕེལ་དངུལ་ཁང་གིས་ གྲོང་གསེབ་ཁྱིམ་བཟོ་དང་ སོ་ནམ་གྱི་དོན་ལུ་ སྐྱིན་འགྲུལ་བྱིན་དོ་ཡོདཔ་ལས་ སྐྱེད་བརྒྱ་ཆ་༡༣ སྦེ་ བྱིན་དོ་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཅིག་གིས་ རྩིས་ལོ་༢༠༡༠-༢༠༡༡ ནང་ དངུལ་འབྲེལ་ལས་སྡེ་ཚུ་གི་ སྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་དུང་ཕྱུར་༢༩.༨ ལས་ དུང་ཕྱུར་༤༠.༧ ལུ་ ཡར་སེང་སོང་མི་དེ་ཡང་ གཙོ་བོ་ར་ བཟོ་སྐྲུན་དང་ བཟོ་བཀོད་ཀྱི་དོན་ལུ་ སྐྱིན་འགྲུལ་ལེན་མི་ རྒྱ་ཆེ་དྲགས་སྦེ་ ཡར་སེང་སོང་མི་ལུ་བརྟེན་ཏེ་ ཨིནམ་སྦེ་སླབ་མས།
རྒྱལ་ཁབ་ནང་ ཧེ་མ་བཟུམ་སྦེ་ སྐྱིན་འགྲུལ་གྱི་སྐྱེད་ཚུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ བཟོཝ་མེན་པར་ མ་དངུལ་བགོ་བཀྲམ་དང་ མཁོ་འདོད་དང་འཁྲིལ་ འགྱོ་དོ་ཡོདཔ་ཨིན་པའི་གནས་ཚུལ།



No comments:

Post a Comment