གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དེད་གཡོགཔ་ཅིག་ལུ་ ཁྲིམས་ལུ་མ་གུས་པའི་ ཉེས་ཁྲིམས་ཕོག་ཉེན་ཡོདཔ།


བཀྲ་ཤིས་བསྟན་འཛིན།

བསམ་རྩེ་རྫོང་ཁག་ ཅར་ག་རི་རྒེད་འོག་ལས་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ སྔ་མའི་ཨམ་སྲུ་གི་ ཨ་ལུ་ལུ་ གསོ་འཐུས་སྤྲོད་མ་བཏུབ་མི་ལུ་བརྟེན་ ཨ་པ་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

དེ་ཡང་ བུམ་ཐང་རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་སྲུང་འགག་པ་ལུ་ འཛིན་བཟུང་འབད་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཨིནམ་ད་ རྫོང་ཁག་ཁྲིམས་འདུན་ལས་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྕམ་མཁར་ལུ་ དེད་གཡོག་པའི་ ལཱ་འབད་སྡོད་མི་ ཕོ་སྐྱེས་དེ་གིས་ ཨམ་ཅུང་འཚོལ་བའི་ཤུལ་ལས་ ན་ཧིང་ སྤྱི་ཟླ་༣ པའི་ནང་ རྫོང་ཁག་གིས་ རྩོད་བཤེར་འབདཝ་ད་ སྔ་མའི་ཨམ་སྲུ་ལས་ ཨ་ལུ་༢ ཡོདཔ་ཨིན་རུང་ ཁོང་རྩ་ཕན་ཚུ་ ནང་འགྲིགས་འབད་ཐོག་ལས་ ཨ་ལུ་༡ ལུ་རྐྱངམ་གཅིག་ ཟླ་རིམ་བཞིན་དུ་ གསོ་འཐུས་དངུལ་ཀྲམ་༦༠༠ རེ་ བཏབ་ནི་སྦེ་ བཟོ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁོ་གིས་ འཁྲུན་ཆོད་གནང་བའི་ཤུལ་ལས་ ལན་ཐེངས་གཅིག་ཡང་ གསོ་འཐུས་མ་བཏབ་ལས་ ཁྲིམས་འདུན་གྱིས་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ དེད་གཡོགཔ་དེ་ ཚར་ཅིག་འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་ནང་ བཞག་ཡོད་རུང་ ཁོ་གིས་ རྒྱབ་མི་བཙུགས་ཐོག་ལས་ ཟླཝ་༡ གི་ནང་འཁོད་ལུ་ བཏབ་ནི་སྦེ་ ཞུ་ཡིག་བཙུགས་པའི་ཤུལ་ལས་ དོ་དམ་འོག་ལས་ ལོག་བཏང་ཡོདཔ་ཨིན་རུང་ དེ་གི་སྐབས་ལུ་ཡང་ སྤྲོད་མ་བཏུབ་ལས་ ཁྲིམས་འདུན་གྱིས་ རྒྱབ་མི་དེ་ཡང་ དོ་དམ་ནང་ བཞག་ཡོདཔ་ཨིན་པས།
རྒྱབ་མི་གིས་ ཕོ་སྐྱེས་དེ་ འཚོལ་ཐོབ་སྟེ་ ཁྲིམས་འདུན་ལུ་ རྩིས་སྤྲོད་པའི་ཤུལ་ལུ་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ ག་དེ་སྦེ་ཨིན་རུང་ བཏབ་ནི་ཨིན་ཟེར་ ཁོ་གིས་ ཁས་ལེན་འབད་མི་དང་འཁྲིལ་ ད་རུང་ དོ་དམ་འོག་ལས་ ལོག་བཏང་ཡོད་རུང་ དེ་ནང་ཡང་ བཏབ་མ་བཏུབ་མི་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ ཨམ་སྲུ་བགྲེསཔ་གིས་ ཁྲིམས་འདུན་ལུ་ ཞུ་ཡིག་བཙུགས་པའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་་ཨིན་པས།
ཁྲིམས་འདུན་གྱི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་ ལན་ཐེངས་མང་རབས་ཅིག་ འཛིན་བཟུང་འབད་ཡོད་རུང་ ཉན་ཁུག་མེདཔ་ལས་ ཁྲིམས་དང་འཁྲིལ་བ་ཅིན་ ཁྲིམས་ལུ་མ་གནས་པའི་ཉེས་ཁྲིམས་ ཟླ་ངོ་༦ དང་ ཁོ་རའི་ གན་རྒྱ་དང་འཁྲིལ་ འབའ་བཏབ་དགོཔ་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment