གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱི་མི་ཚུ་གི་ གཏན་འཇགས་གསོག་འཇོག་ དངུལ་ཀྲམ་དུང་ཕྱུར་༢ དེ་ཅིག་ རྩིས་ཁ་བསྡམས་ཡོདཔ།


བསམ་གཏན་ཡེ་ཤེས།

༉ སྤྱི་ཟླ་༣ པའི་ཚེས་༩ ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འབྲུག་གི་དངུལ་ཁང་ཚུ་ནང་ འབྲུག་ལུ་མ་སྡོད་མི་ ཕྱི་མི་ཚུ་གིས་ རྩིས་དེབ་བཞག་མ་ཆོག་པའི་ བཀའ་རྒྱ་བཏོན་ཞིནམ་ལས་ཚུར་ ཕུན་ཚོགས་གླིང་ལུ་ དངུལ་ཁང་ཚུ་གིས་ གསོག་འཇོག་དངུལ་ཀྲམ་ དུང་ཕྱུར་༢ དེ་ཅིག་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་གི་ ཚོང་པ་ཚུ་གི་ གཏན་འཇགས་གསོག་འཇོག་འབད་མི་ རྩིས་དེབ་ཚུ་ ཁ་བསྡམས་ཡོདཔ་ཨིན་པས།

དེ་དང་བསྟུན་ རྒྱ་གར་གྱི་ ཚོང་པ་ཚུ་ལུ་ གཏན་འཇགས་གསོག་འཇོག་འབད་མི་ ཏི་རུ་ཚུ་ དུས་ཡུན་མ་ཚང་ཚུན་ བཞག་ནི་ཨིན་ན་དང་ ཡང་ཅིན་ དུས་ཡུན་མ་ཚངམ་ལས་ བཏོན་ནི་ཨིན་ནའི་ གདམ་ཁ་༢ བྱིན་ཡོདཔ་ཨིན་པས།
དེ་ཡང་ གལ་སྲིད་ ཏི་རུ་དེ་ཚུ་ གཏན་འཁེལ་དུས་ཡུན་མ་ཚང་པར་བཏོན་པ་ཅིན་ ཁོང་གི་ཏི་རུ་ཚུ་ འབྲུག་གི་ དངུལ་ལོར་ཐོག་བྱིན་ནི་ཨིནམ་ད་ དུས་ཡུན་ཚང་བའི་ཤུལ་ལས་བཏོན་པ་ཅིན་ རུ་པི་གི་ཐོག་ལུ་ བྱིན་ནི་ཨིན་རུང་ སྐྱེད་དེ་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༩ ཚུན་རྐྱངམ་གཅིག་ རྩིས་རྐྱབ་ནི་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་ཁྱབ་ ཟླ་བ་བསྟན་འཛིན་གྱིས་ སླབ་མིའི་ནང་ གསོག་འཇོག་དེ་ཚུ་ མཇུག་བསྡུ་བའི་སྐབས་ སྐྱེད་མ་བྱིན་མི་དེ་ ཁོང་ལུ་ རུ་པི་བྱིན་ནི་གི་དོན་ལུ་ རྒྱ་གར་གཞུང་ལས་ སྐྱིན་འགྲུལ་ལེན་ཐོག་ སྐྱེད་བཏབ་སྟེ་ རུ་པི་ལེན་དོ་ཡོདཔ་ལས་ ད་རུང་ ཁོང་ལུ་ཡང་ སྐྱེད་བྱིན་པ་ཅིན་ དབང་འཛིན་ལུ་ དཀའ་ངལ་ཡོད་ཟེར་ཨིན་པས།
ས་མཚམས་ཁར་ རྒྱ་གར་གྱི་ ཚོང་པ་ཚུ་གིས་ འབྲུག་པའི་ཏི་རུ་ལེན་ཞིནམ་ལས་ ལོག་འབྲུག་པའི་དངུལ་ཁང་ནང་བཙུགས་ཏེ་ ལོག་བཏོན་པའི་སྐབས་ རུ་པི་ལེན་དོ་ཡོད་མི་དེ་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་ལས་ རུ་པི་ཚུ་ སྐྱེད་བརྒྱ་ཆ་༡༠ སྦེ་ སྐྱིན་འགྲུལ་ཐོག་ ལེན་དགོཔ་ལས་ དབང་འཛིན་ལུ་ རྒུད་ཕོགཔ་ཨིན་པས།
ཟླ་བ་བསྟན་འཛིན་གྱིས་འབད་བ་ཅིན་ རྩིས་དེབ་མཇུག་བསྡུ་བཏང་མི་དེ་གིས་ ཚུལ་མིན་རུ་པི་བརྗེ་སོར་གྱི་ ཚོང་འབྲེལ་ཚུ་ཡང་ བཀག་འཛིན་འབད་ཚུགས་ཟེར་ཨིནམ་ད་ དེ་ཡང་ རྒྱ་གར་གྱི་ ས་མཚམས་ཚོང་པ་ཚུ་གིས་ འབྲུག་མི་ཚུ་ལུ་ རུ་པི་༨༠ ལུ་ དངུལ་ཀྲམ་༡༠༠ རེ་སྦེ་ བྱིན་ཞིནམ་ལས་ དངུལ་ཀྲམ་དེ་ འབྲུག་པའི་དངུལ་ཁང་ནང་བཙུགས་ཏེ་ སླར་ལོག་བཏོནམ་ད་ རུ་པི་ལེན་ཐོག་ལས་ ལག་ལེན་འཐབ་དོ་ཡོད་མི་ཚུ་ བཀག་འཛིན་འབད་འོང་ཟེར་ཨིན་པས།
དཔལ་འབྱོར་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ཚོང་པ་ཚུ་གིས་ ཁོང་རའི་ རྩིས་དེབ་ཚུ་ འབྲུག་གི་དངུལ་ཁང་ཚུ་ནང་ ཕྱེ་བཞག་པ་ཅིན་ ཁོང་རའི་ འོང་འབབ་དང་ཅ་དམ་ཡིག་ཚང་གིས་ དེ་དང་འབྲེལ་བའི་ཁྲལ་ཚུ་ བཀལ་ནི་ཨིནམ་ལས་ ཚོང་པ་དེ་ཚུ་གིས་ འབྲུག་གི་དངུལ་ཁང་ཚུ་ནང་ གསོག་འཇོག་བཞག་ནི་གི་ གདམ་ཁ་རྐྱབ་མས་ཟེར་ཨིནམ་ད་ དེ་བཟུམ་སྦེ་ རྒྱལ་ཁབ་དེ་ནང་གི་སྡོད་གནསཔ་མེན་པར་ ཕྱིའི་རྒྱལ་ཁབ་ཀྱི་དངུལ་ཁང་ནང་ གསོག་འཇོག་བཞག་ནི་དེ་ རྒྱ་འབྲུག་༢ ཆ་རའི་ སྲིད་བྱུས་དང་འགལ་བ་ཨིན་ཟེར་བཤད་ཅི།
སྤྱི་ཁྱབ་ཟླ་བ་བསྟན་འཛིན་གྱིས་ སླབ་མིའི་ནང་ གཙོ་རིམ་ཅན་གྱི་ ནང་འདྲེན་ཚུ་ལུ་ བཀག་ཆ་མེདཔ་ལས་ རྒྱ་གར་ལས་ ནང་འདྲེན་ཚུ་ འཐབ་ཚུགསཔ་འབད་ནིའི་ནང་ ཏི་རུ་ཚུ་དངུལ་ཁང་བརྒྱུད་དེ་ ལག་ལེན་འཐབ་ཚུགས་ཟེར་ཨིནམ་ད་ གཙོ་རིམ་ཅན་གྱི་ ཚོང་ནང་འདྲེན་ཚུ་ལུ་ བཀག་ཆ་མི་བྱུང་ནི་གི་དོན་ལུ་ འདས་པའི་བདུན་ཕྲག་ནང་ དངུལ་ཁང་ཚུ་ལུ་ རུ་པི་དུང་ཕྱུར་༡ བགོ་བཀྲམ་འབད་ཡོད་མི་དེ་ དུས་ཡུན་འཐུང་ཀུ་ཅིག་ནང་ར་ རྫོགས་སོ་ནུག་ཟེར་ཨིན་པས།

དེ་མ་ཚད་ སྤྱི་ཟླ་༣ པའི་ཚེས་༨ ཀྱི་ཧེ་མར་ སྣུམ་འཁོར་ནང་འདྲེན་འཐབ་མི་ཚུ་གིས་ སྔོན་སྤྲོད་འབད་དེ་ སྣུམ་འཁོར་མཁོ་མངགས་འབད་ཚར་མི་ཚུ་གི་ རྩིས་ཁྲ་དང་འཁྲིལཝ་ད་ རུ་པི་དུང་ཕྱུར་༢༠༠ དེ་ཅིག་ སྣུམ་འཁོར་ནང་འདྲེན་གྱི་དོན་ལུ་ འགྱོ་ནི་མས་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ ནང་འདྲེན་གྱི་བུ་ལོན་ར་ རུ་པི་དུང་ཕྱུར་༣ དེ་ཅིག་ བཏབ་དགོཔ་ཐོན་ཡོདཔ་ད་ རྒྱ་གར་གྱི་ ཨེས་བི་ཨའེ་དངུལ་ཁང་ལས་ རུ་པི་དུང་ཕྱུར་༥ སྐྱིན་འགྲུལ་ལེན་ཡོད་མི་དེ་ཡང་ རྫོགས་ནིའི་གུ་ལྷོད་ཡོདཔ་ལས་ གཙོ་རིམ་ཅན་གྱི་ ནང་འདྲེན་ཚུ་གི་དོན་ལུ་ ད་རུང་ རུ་པི་བསྐྱི་དགོ་ནི་བཟུམ་ཅིག་ ཡོད་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་ཁྱབ་ཀྱིས་ ཁ་གསལ་འབད་མིའི་ནང་ འདས་པའི་བཀའ་རྒྱའི་ནང་ མི་ངོ་རེ་གིས་ ཉིནམ་རེ་ལུ་ རུ་པི་༡༠,༠༠༠ རེ་ བཏོན་ཆོག་ཟེར་ བཀོད་ཡོདཔ་ཨིན་རུང་ དེ་ཡང་ དངུལ་ཁང་ཚུ་ནང་ རུ་པི་ཡོད་མེད་ཀྱི་ གནས་སྟངས་དང་བསྟུན་ བྱིན་ནི་མ་གཏོགས་ ངེས་པར་དུ་ཐོབ་ཟེར་ མེད་ཟེར་ཨིན་པས།
ཨིན་རུང་ གཙོ་རིམ་ཅན་གྱི་ནང་འདྲེན་དང་ དེ་ལས་ གསོ་བ་དང་ཤེས་རིག་ཚུ་གི་དོན་ལུ་ མི་ངོ་རེ་གིས་ ཟླཝ་རེ་ནང་ རུ་པི་༡༠,༠༠༠ ལས་༥༠,༠༠༠ གི་བར་ན་ ལག་ལེན་འཐབ་ཆོགཔ་ཨིན་རུང་ དངུལ་ཁང་དག་པ་ཅིག་ནང་ ཉིནམ་དག་པ་ཅིག་ལས་ར་ རུ་པི་རྫོགས་སོཔ་ལས་ མི་ཚུ་གིས་ རུ་པི་༡༠,༠༠༠ དེ་ཅིག་ར་ ཐོབ་མ་ཚུགས་པར་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
ས་མཚམས་བདའ་སྟེ་ དཔེ་འབད་བ་ཅིན་ ཇའི་སྒང་ལས་ཕར་སྡོད་མི་ འབྲུག་མི་ཚུ་གིས་ ཁང་གླ་ཚུ་ རུ་པི་སྤྲོད་དགོ་པའི་ཁར་ རྒྱ་གར་གྱི་ ལས་མི་ཚུ་ལུ་ གླ་ཡོན་སྤྲོད་ནི་ཚུ་འབད་དགོཔ་ཡོདཔ་ལས་ དེ་ཚུའི་ དཀའ་ངལ་སེལ་ཐབས་ ག་དེ་སྦེ་ འབད་འོང་ག་ཟེར་དྲིཝ་ད་ སྤྱི་ཁྱབ་ཀྱིས་ སླབ་མིའི་ནང་ དབང་འཛིན་གྱིས་ ཇའི་སྒང་ལ་སོགས་པའི་ས་མཚམས་ཚུ་ནང་ ཕྱི་ཁར་ ཁང་གླར་སྡོད་མི་དང་ ཕྱི་མི་ འབྲུག་པའི་ས་མཚམས་ཁར་ ལས་མི་འབད་མིའི་ གྱངས་ཁ་ཚུ་ བསྡུ་ལེན་འབད་དོ་ཡོདཔ་ད་ དེ་དང་བསྟུན་ ཁོང་གི་ ཁང་གླའི་རིན་གནས་དང་ ལས་མིའི་གླ་ཡོན་གནས་སྟངས་ཚུ་ དབྱེ་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འབྲུག་ལུ་མ་སྡོད་མི་ ཕྱི་མི་ཨིན་པ་ཅིན་ རྩིས་དེབ་ཁ་ཕྱེ་མ་ཆོག་པའི་ཁར་ ཡོད་མི་ཚུ་ཡང་ བསྡམ་གཏང་དགོ་མི་དེ་ སྲིད་བྱུས་དང་འབྲེལ་བའི་གནས་སྟངས་ཚུ་ ཚུལ་མཐུན་བཟོ་ཐབས་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment