བསྟན་འཛིན་རྣམ་རྒྱལ།
༉ ལྷོ་མཚམས་རྫོང་ཁག་ཚུ་ནང་ ཧེ་མ་ལས་ར་ འབྲུག་མི་ཚུ་གི་ ཚོང་འབྲེལ་ཆོག་ཐམ་ཐོག་ ཕྱི་མི་ཚུ་གིས་ ལག་ལེན་འཐབ་སྡོད་པའི་ མཐོང་གསལ་བྱུངམ་ཨིན་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དེ་ལུ་ ཞིབ་དཔྱད་དམ་དམ་ཅིག་ ག་ནི་ཡང་ འབད་ནི་མེདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ནང་འབད་བ་ཅིན་ དེ་བཟུམ་མའི་ལཱ་དེ་ མང་ཤོས་ར་ ཅ་ཆས་བཀྲམ་སྤེལ་འབད་མི་ཚུ་གིས་ འབད་དོ་ཡོདཔ་ད་ དེ་ཡང་ མང་ཤོས་ར་ རྫོང་ཁག་གི་ཡིག་ཚང་དང་ རྒེད་འོག་ལྟེ་བ་ དེ་ལས་ སློབ་གྲྭ་ཁག་ཚུ་ནང་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་ལས་བཅད་པའི་ ཅ་ཆས་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ དེ་ནང་ བཀྲམ་སྤེལ་གྱི་ལཱ་དེ་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ འབད་དོ་ཡོདཔ་ཨིན་པས།
བསམ་རྩེ་ཁྲོམ་ལས་ ཚོང་པ་ཅིག་གིས་ སླབ་མིའི་ནང་ རིན་བསྡུར་འབད་བའི་སྐབས་ བཅའ་མར་གཏོགས་མི་ག་ར་ འབྲུག་མི་ཚུ་ འོང་དོ་ཡོདཔ་ཨིན་རུང་ ལཱ་ངོ་མ་འབད་མི་ རྒྱ་གར་གྱི་ མི་ཁུངས་ཚུ་ཨིན་ཟེར་ཨིནམ་ད་ དེ་གི་སྐོར་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ཤེས་རུང་ སྣང་མེད་སྐྱུར་བཞགཔ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ མི་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་མི་ ཚོང་པ་ཚུ་གིས་ དཔེ་འབད་བ་ཅིན་ ཅ་ཆས་ཀྱི་གོང་ཚད་ དངུལ་ཀྲམ་༢༠༠ གནས་མི་དེ་ གོང་ཚད་༡༥༠ མར་ཕབ་རྐྱབ་ད་ ལཱ་དེ་ ཁོང་གིས་ར་ ཐོབ་མས་ཟེར་ཨིནམ་ད་ ཆོག་ཐམ་འཆང་མི་ཚུ་ རིན་བསྡུར་གྱི་ སྐབས་ལུ་མ་གཏོགས་ ལཱ་འབད་ས་ མི་མཐོང་མས་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་ མི་ཚུ་གིས་ འབྲུག་པའི་ཆོག་ཐམ་ ལག་ལེན་འཐབ་པའི་འཐུས་ ལས་འགུལ་གྱི་གོང་ཚད་ལས་ བརྒྱ་ཆ་༢ དེ་ཅིག་ བྱིན་དོ་བཟུམ་ཅིག་ འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ བཀྲམ་སྤེལ་གྱི་ལཱ་ཚུ་ ཕྱི་ཁའི་མི་ལུ་ བྱིན་མི་ལུ་བརྟེན་ འབྲུག་པའི་ཚོང་པ་ངོ་མ་ཚུ་ གོ་སྐབས་མ་ཐོབ་པའི་ཁར་ རྒྱལ་ཁབ་ཀྱི་ཏི་རུ་ ཕྱིའི་རྒྱལ་ཁབ་ནང་ འགྱོ་དོ་ཡོདཔ་ལས་ དེ་གིས་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ཡང་ གནོད་ནི་མས་ཟེར་ཨིན་པས།
རྫོང་ཁག་གི་ མཁོ་སྒྲུབ་འགོ་དཔོན་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ རིན་བསྡུར་ནང་ ཚོང་ལས་༩ དེ་ཅིག་གིས་ བཅའ་མར་གཏོགས་མིའི་གྲས་ལས་༤ དེ་ཅིག་ འབྲུག་མི་ཚུ་གི་ ཚོང་འབྲེལ་ཆོག་ཐམ་ཐོག་ ཕྱི་མི་ཚུ་གིས་ ལཱ་འབད་བའི་དོགས་པ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལ་ལུ་ཅིག་ ཚོང་ཁང་གི་ མིང་རྐྱངམ་གཅིག་མ་གཏོགས་ ཚོང་ཁང་མཐོང་ནི་མེད་པའི་ཁར་ ལ་ལུ་ཅིག་ དོག་མ་ཚོང་ཁང་ཅིག་ལས་བརྒལ་མེད་རུང་ མ་དངུལ་སྦོམ་གནས་པའི་ཅ་ཆས་ཚུ་ བཀྲམ་སྤེལ་འབད་ནིའི་ནང་ བཅའ་མར་གཏོགསཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ དེ་བཟུམ་མའི་ ཚུལ་མིན་གྱི་ལཱ་ནང་ བཅའ་མར་གཏོགས་མི་ཨིནམ་ ངེས་བདེན་བདའ་ཟུན་པ་ཅིན་ ཚོང་ལཱ་ནང་ལས་ བཏོན་གཏང་ནི་ཟེར་ཨིནམ་ད་ བཀྲམ་སྤེལ་གྱི་ལཱ་དེ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་ནིའི་དོན་ལུ་ རྫོང་ཁག་གི་འགོ་དཔོན་དག་པ་ཅིག་གིས་ འཐུས་མི་བཟོ་སྟེ་ རིན་བསྡུར་དབྱེ་ཞིབ་ནང་ བཅའ་མར་གཏོགས་ནི་ཡོད་ཟེར་ཨིན་པས།
ད་རུང་ གཞན་ཅིག་གིས་ སླབ་མིའི་ནང་ ལ་ལུ་ཅིག་ ཚུལ་མིན་གྱི་ལཱ་ནང་ འབྲེལ་གཏོགས་འབད་ཡོདཔ་ཤེས་ཏེ་ ཆོག་ཐམ་ཚུ་ ལྟ་བའི་སྐབས་ དུས་ཚོད་ཁར་ བསྐྱར་གསོ་འབད་དེ་ཡོདཔ་ལས་ ཁོང་གིས་ ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ཨིནམ་ད་ དེ་གི་སྐོར་ལས་ ཆོག་ཐམ་བྱིན་མི་དང་ ཆོག་ཐམ་བསྐྱར་གསོ་འབད་མི་ འགོ་དཔོན་ཚུ་གིས་ ལེགས་ཤོམ་སྦེ་ ཞིབ་དཔྱད་འབད་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ ཕུན་ཚོགས་གླིང་ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་གི་ ལུང་ཕྱོགས་མདོ་ཆེན་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ ཆོག་ཐམ་བསྐྱར་གསོ་འབད་མིའི་ནང་ འབྲུག་དང་ རྒྱ་གར་༢ ཆ་རའི་ མིང་ཡོད་ཟེར་ཨིནམ་ད་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ འབྲུག་ལུ་ ཚོང་འབྲེལ་འཐབ་ཆོག་པའི་ཆོག་ཐམ་དེ་ ཧེ་མ་ལས་ར་ གཞུང་གིས་ གནང་ཡོདཔ་ལས་ ཆ་མེད་གཏང་མི་ཚུགས་པས་ཟེར་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་འབད་བ་ཅིན་ འབྲུག་མི་ཚུ་གི་ ཆོག་ཐམ་ཐོག་ རྒྱ་གར་གྱི་མི་ཚུ་གིས་ བཀྲམ་སྤེལ་དང་འབྲེལ་བའི་ལཱ་ཚུ་ནང་ བཅའ་མར་གཏོགས་པའི་སྐོར་ལས་ ཤེས་རུང་ བདེན་ཁུངས་མེད་ནི་དེ་གིས་ བཟུང་མ་ཚུགས་ཟེར་ཨིནམ་ད་ དེ་གི་སྐོར་ལས་ རྫོང་ཁག་གིས་ཤེས་པ་ཅིན་ ཁོང་ལུ་ སྙན་ཞུ་འབད་དགོ་ཟེར་ཨིན་པས།
རྫོང་ཁག་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྫོང་ཁག་ནང་ ཅ་ཆས་བཀྲམ་སྤེལ་འབད་མི་ དགའ་སེཔ་བཀྲིས་དང་ ཉི་མ་ཚོང་ཁང་ དེ་ལས་ མཱ་ནི་ཊ་ཚོང་སྡེ་ཚུ་ རྒྱ་གར་གྱི་མི་ཁུངས་ པཱིན་ཊུ་གི་ཨིན་ཟེར་ མི་ཚུ་གིས་ སླབ་མས་ཟེར་ཨིནམ་ད་ བཀྲམ་སྤེལ་གྱི་ལཱ་ཚུ་ཡང་ མང་ཤོས་ར་ ཁོ་གིས་ འབདཝ་མས་ཟེར་ཨིན་པས།
ཡེ་ཤེས་ཀུན་བཟང་ཚོང་ལས་དེ་ཡང་ རྒྱ་གར་གྱི་མི་ཁུངས་ ཨ་བྷི་ནཱཤ་གིས་འབད་དོ་ཡོདཔ་ད་ ཁོང་༢ ཀྱིས་ གློག་མེའི་ཅ་ཆས་དང་ ཡིག་འབྲི་མཁོ་ཆས་ གློག་རིག་ཀམ་པུས་ཊར་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ ཁོང་༢ སྡོད་ས་ཡང་ བསམ་རྩེ་གི་ འཛུལ་སྒོའི་ཉེ་འདབས་ལུ་ཨིན་ཟེར་ཨིན་པས།
ཁོང་༢ ཀྱིས་ བཀྲམ་སྤེལ་གྱི་ ལཱ་རྐྱངམ་གཅིག་གིས་མ་ཚད་ འཁོར་ལམ་བསལ་ནི་དང་ ཡིག་ཚང་རྐྱབ་ནི་ དེ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ནང་ཡང་ འབྲུག་པའི་ཆོག་ཐམ་གྱི་ཐོག་ལུ་ བཅའ་མར་གཏོགས་ནི་ཡོད་ཟེར་ཨིནམ་ད་ དེའི་སྐོར་ལས་ ཚོང་པའི་དྲུང་ཆེན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ སྙན་ཞུ་ཐེངས་ལེ་ཤ་ཅིག་འབད་རུང་ ངོས་ལེན་མི་འབད་བས་ཟེར་ བསམ་རྩེ་ཁྲོམ་ཁར་ སྡོད་མི་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།
No comments:
Post a Comment