གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་ཤུགས་ཡོད་མི་དང་ ཁ་ཉུང་མི་གཉིས་ལུ་ རྒྱབ་སྐྱོར་འདྲན་འདྲ་ཡོདཔ།

༢༠/༤/༢༠༡༣   ༉ གཅིག་འདིནི་ ཁ་ཤུགས་ཡོད་པའི་ཁར་ བློ་སྦ་གསང་མེད་པར་ སླབ་མི་ཨིན་རུང་ ཕོ་སྐྱེས་གཞན་དེ་ བློ་ཚིག་ཉུང་ཞིང་ དོན་བཅུད་ཡོདཔ་སྦེ་ སླབ་མི་ཅིག་ཨིན་པས།
དེ་ཡང་ བཀྲིས་གཡང་རྩེའི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་༢ ཀྱི་ ཁྱད་ཆོས་མ་འདྲཝ་ཡོད་རུང་ ཚོགས་རྒྱན་སྐྱུར་མི་ཚུ་ལས་ གཉིས་ཆ་ར་ལུ་ རྒྱབ་སྐྱོར་གྱི་ གཞི་རྟེན་འདྲན་འདྲ་མཚམས་ཡོདཔ་ཨིན་པས།

ཨ་རྒས་ཅིག་གིས་ གྲོས་འཛོམས་ནང་ གསལ་བཤད་འབདཝ་ད་ འདེམས་ངོ་༢ རྒྱབ་ཁ་ལས་ ལྟ་སྡོད་པའི་བསྒང་།


རྫོང་ཁག་ནང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ལས་འཛིན་གྱི་ ལས་གཡོགཔ་བགྲེསཔ་ བློ་ཚིག་མངམ་སླབ་མི་ ཀརྨ་རྒྱལ་མཚན་དང་ ཁ་ཉུང་སུ་སླབ་མི་ སློབ་དཔོན་བགྲེསཔ་ བཀྲིས་ཕུན་ཚོགས་༢ ཆ་ར་ འདེམས་ངོ་ལེགས་ཤོམ་ཡོདཔ་སྦེ་ བསམ་འཆར་བཤདཔ་ཨིན་པས།
འདེམས་ངོ་གཉིས་ཆ་ར་ ཤེས་ཡོན་ཅན་དང་ ཤེས་རིག་དང་ ཚོང་འབྲེལ་ནང་ ལཱ་འབད་བའི་ ཉམས་མྱོང་ལེགས་ཤོམ་ཐོབ་ནུག་ཟེར་ སྟོད་ཚོ་ལས་ གླ་འཁོར་དེད་གཡོགཔ་ ཐུགས་བསྟན་ཚེ་རིང་གིས་ སླབ་ཨིན་པས།
གཡང་རྩེའི་ཚོང་པ་ འཕྲིན་ལས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཀརྨ་རྒྱལ་མཚན་དེ་ ཁ་བདེ་ལྕེ་བདེ་ཡོད་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་སྡེའི་ནང་ མི་སེར་གྱི་སྐུ་ཚབ་འབད་བ་ཅིན་ ཁོ་འོས་འབབ་ཆེ་དྲགས་ཡོད་པའི་སྐོར་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཡིད་ཆེས་འདྲོངས་ཚུགསཔ་ བཟོ་ནུག་ཟེར་ཨིན་པས།
བློ་སྦ་གསང་མེད་པར་ སླབ་པའི་ཁར་ ཁ་ཤུགས་ཡོད་མི་དེ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་ལྷུ་ཚུགསཔ་ལས་ ཁྱད་པར་སྦོམ་བཟོཝ་ཨིན་ཟེར་ ཚོང་པ་དེ་གིས་ བཤད་པའི་ཁར་ འདི་བཟུམ་མའི་ འགན་ཁུར་འབགཔ་ད་ བློ་སླབ་ཐངས་དང་ བརྡ་དོན་འཕྲོད་ཚུགས་མི་དགོ་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ བློ་ཚིག་མང་ལ་དོན་བཅུད་ཆུང་ཟེར་ སླབ་སྲོལ་ཡོདཔ་ལས་ འདེམས་ངོ་དེ་གི་ དོན་བཅུད་ཆུང་བའི་ ཁ་བཤད་ལུ་ལྟ་སྟེ་ དོགས་ཟོན་བསྐྱེད་མི་ཡང་ཡོདཔ་ཨིན་པས།
དེ་ལས་ རྒྱབ་སྐྱོར་གྱི་ གཞི་རྟེན་ཐད་ལུ་ སྐྱེས་ལོ་༤༣ ལང་མི་ ཀརྨ་རྒྱལ་མཚན་གྱིས་ ཁོ་རའི་ཨ་པའི་གཡུས་ འཇམ་མཁར་དང་ ཨའི་དེ་ རམ་འཇར་ལས་ཨིནམ་ལས་ རྒེད་འོག་དེ་གཉིས་ལུ་ བློ་གཏདཔ་ཨིན་པས།
ཁོ་ར་གིས་ མནོ་དོ་བཟུམ་ འགྱོ་བཏུབ་པ་ཅིན་ ཁོ་ལུ་ ཚོགས་རྒྱན་༣,༠༠༠ འཐོབ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་རྒྱན་སྐྱུར་མི་༡,༩༢༡ ཡོད་མི་ ཡ་ལང་རྒེད་འོག་ལས་ སྐྱེས་ལོ་༤༡ ལང་མི་ བཀྲིས་ཕུན་ཚོགས་ཀྱིས་འབད་བ་ཅིན་ རམ་འཇར་དང་ འཇམ་མཁར་རྒེད་འོག་༢ ལས་ཡང་ ཁོ་ལུ་ རྒྱབ་སྐྱོར་འབད་མི་ འདྲ་མཉམ་ཡོད་ཟེར་ཨིན་པས།
ཚོགས་རྒྱན་སྐྱུར་མི་ ལ་ལུ་ཅིག་གིས་ སློབ་དཔོན་བགྲེསཔ་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ འདེམས་ངོ་དེ་ ཤེས་རིག་ནང་ ལཱ་འབད་མི་ཅིག་ཨིནམ་ལས་ མི་སེར་ཚུ་དང་ འབྲེལ་བ་འཐབ་ཡོདཔ་ འོང་ནི་དང་ བརྩི་མཐོང་ག་ཅི་ར་ དང་ལེན་འབད་ནི་ཨིན་ན་ ང་བ་དྲགཔ་སྦེ་ ཁོ་གིས་ ཤེས་དོ་འོང་ཟེར་ སོ་ནམ་ཞིང་པ་ ཡེ་ཤེས་ཀྱིས་ སླབ་ཨིན་པས།
འདེམས་ངོ་གཉིས་ཆ་ར་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རང་སོའི་ཕམ་སྤུན་ཆ་དང་ གཉེན་ཉེཝ་གི་ འདུ་ཤེས་ཚུ་ལུ་མ་ལྟ་བར་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཚུགས་མི་ ག་ལྕོགས་གྲུབ་ཡོད་མི་དེ་ བཙག་འཐུ་འབད་དགོཔ་སྦེ་ ཐབས་བྱུས་ཐོག་ལས་ གསལ་བཤད་འབདཝ་ཨིན་པས།
ཨིན་རུང་ མི་སེར་ཚུ་གིས་ འདེམས་ངོ་གཉིས་ལས་ ག་གདམ་ཁ་རྐྱབ་ཨིན་ན་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ བཙག་འཐུ་འབདཝ་ད་ ཤེས་ཚུགས་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment