གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལྟོའི་བར་ན་ཡང་ བོན་ཆོས་ལུགས་ཀྱི་ ནོར་ལྷ་གསོལ་དོ་ཡོདཔ།

༡༩/༤/༢༠༡༣   ༉ རྒྱལ་ཁབ་ཀྱི་ས་གནས་ མང་ཤོས་ཅིག་ནང་ ནོར་གྱི་དངོས་གྲུབ་དེ་ ནོར་ལྷ་གསོལ་ཐོག་ལས་ ཞུ་དོ་ཡོད་ཨིན་རུང་ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་གི་ རྟ་ས་གཡུས་ཚན་ནང་བཟུམ་ཅིག་ འབད་བ་ཅིན་ ནོར་ལྷ་གསོལ་ཐངས་དེ་ ལྟོ་གིས་སྦེ་ ནོར་སེམས་ཅན་བཟོ་ཐོག་ལས་ འབད་དོ་ཡོདཔ་ཨིན་པས།
ཕ་ཇོ་མ་ནི་ཆོས་རྒྱལ་གྱིས་ ནོར་ལྷ་གསོལ་བའི་བསྒང་།


དེ་ཡང་ ཁ་ཙ་ མཇུག་བསྡུ་མི་ ལོ་བསྟར་གྱི་ལོ་མཆོད་སྐབས་ལུ་ གཡུས་མི་ཚུ་གིས་ རང་སོའི་ཁྱིམ་ནང་ལས་ ལྟོ་གི་བཟོ་མི་ སྒོ་ནོར་སེམས་ཅན་གྱི་རིགས་ཚུ་ གཡུས་ཀྱི་ལྟག་ལུ་ཡོད་པའི་ བཀྲིས་རྩེ་མོ་ལྷ་ཁང་གི་ འོག་ཐོག་ལུ་སྦེ་ ནོར་ལྷ་ཚུ་ལུ་ མཆོད་པ་ཕུལ་ཡི།
དེ་བསྒང་ རྟ་ས་གཡུས་ཚན་གྱི་ ཁྱིམ་གུང་པ་༧ དེ་ཅིག་གིས་ ལྟོ་གིས་བཟོ་མིའི་ བ་དང་ གླང་ཚུ་ ཟངས་གཞོང་ཅིག་ནང་བཀང་སྟེ་ གནས་སྐབས་ཀྱི་དོན་ལུ་བཟོ་མི་ མཆོད་བཤམ་ཆུང་ཀུ་ཅིག་ནང་བཞག་སྟེ་ གཡུས་ཁའི་ཕ་ཇོ་གིས་ ནོར་ལྷ་གསོལ་དོ་ཡོདཔ་ད་ མཆོད་བཤམ་ནང་ སྐུ་རྟེན་གསུང་རྟེན་ ག་ནི་ཡང་མེད་རུང་ བྲེ་ཅིག་ནང་ འབྲུ་སྣ་དཀར་བཀང་ཐོག་ལས་ དེ་ནང་ མདའ་དང་ ཚེ་དར་ དེ་ལས་ དར་གྱི་རིགས་ཚུ་ དཔྱངས་ཡོདཔ་ཨིན་པས།
ཕ་ཇོ་ མ་ནི་ཆོས་རྒྱལ་གྱིས་ དཔེ་ཆ་བལྟ་མ་དགོ་བར་ ལྷ་མཆོད་ཀྱི་ཚིག་ཚུ་ག་ར་ བློ་ལས་སྦེ་བཏང་བའི་སྐབས་ གཡུས་མི་ཚུ་གིས་ ཁོ་གི་རྩ་བར་སྡོད་དེ་ སྨོན་ལམ་བཏབ་ཨིན་པས།
ནོར་ལྷ་གསོལ་ནི་དེ་ བོན་ཆོས་ཀྱི་ལུགས་ཨིནམ་ད་ ལྟོ་གིས་སེམས་ཅན་བཟོ་སྟེ་ ལྷ་ལུ་ཕུལ་མི་དེ་ དངོས་གྲུབ་ཞུ་བའི་ བརྡ་མཚོན་ཨིན་ཟེར་ སྐྱེས་ལོ་༧༠ ལང་མི་ མགོནམ་དོན་གྲུབ་ཀྱིས་ སླབ་ཡོདཔ་ད་ ཁོ་གིས་ཡང་ གླང་བཟོ་སྟེ་ ཕ་ཇོ་གི་ གདོང་ཁར་བཞག་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གསོལ་མཆོད་དེ་ སྐྱེས་བཙན་དང་ བྲག་བཙན་ སྨུག་བཙན་ བྱར་སྲིད་ དེ་ལས་ ཁྱུང་བདུད་ལ་སོགས་པའི་ སྐྱེས་ལྷ་ ཡུལ་ལྷ་དང་ དེ་ལས་ གནས་བདག་ཚུ་ལུ་ ནོར་གྱི་མཆོད་པ་ཕུལ་ཏེ་ དངོས་གྲུབ་ཞུ་བའི་ཚུལ་ ཨིན་ཟེར་ཨིན་པས།
ཨ་རྒས་ཅིག་གིས་སླབ་མིའི་ནང་ དེ་བཟུམ་གྱི་ ལམ་སྲོལ་བཟུང་མི་དེ་ ནོར་སེམས་ཅན་ལུ་ རྐྱེན་བར་ཆད་སེལ་ཏེ་ སེམས་ཅན་རིགས་ཀྱིས་ཕྱུག་སྟེ་ མི་ཚུ་བདེ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་ནིའི་དོན་ལུ་ཨིནམ་ལས་ ག་ར་གིས་ སྤྲོ་བ་སྦོམ་ལེན་དོ་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ དུས་སྟོན་བརྩི་སྲུང་གི་སྐབས་ལུ་ གཡག་བཟོ་སྟེ་ ནོར་ལྷ་གསོལ་ནི་ཡོད་རུང་ ད་རེས་ནངས་པ་ གཡུས་ཚན་དེ་ནང་ གཡག་གསོ་མི་མེདཔ་ལས་ བ་དང་ གླང་བཟོ་དོ་ཟེར་ཨིན་པས།
བཤད་ཚུལ་ཅིག་ལས་འབད་བ་ཅིན་ ལྟོ་གིས་ བ་དང་ གླང་བཟོ་མི་དེ་ ད་རེས་ དབང་འདུས་ཕོ་བྲང་ བསམ་གཏན་བསྒང་ གཡུས་ཚན་གྱི་ སྦུག་ལུ་ཡོད་པའི་ མཚོ་ནང་ལས་ གླང་ཅུང་ཅིག་ཐོན་ཏེ་ ནོར་གྱི་དངོས་གྲུབ་གནང་མི་དེ་ ཤུལ་ལས་ མི་ཚུ་གིས་ གླང་ཅུང་མཚོ་ནང་ལས་ བཏོན་བཞག་སྟེ་ དེའི་ཚབ་ལུ་ སྤྱ་རྩི་གིས་བཟོ་མི་གླང་ཅུང་དེ་ ལོག་མཚོ་ནང་བཏང་བའི་ གཏམ་རྒྱུད་ཡོདཔ་བཟུམ་སྦེ་ ད་ལྟོ་ ལྟོ་གིས་བཟོ་མིའི་ བ་དང་གླང་ཡང་ དེའི་ཚུལ་ཨིན་ཟེར་ཨིན་པས།
གཡུས་ཁའི་ཆོསཔ་ མགོནམ་ཚེ་རིང་གིས་འབད་བ་ཅིན་ དེ་བཟུམ་གྱི་སྲོལ་དེ་ བོན་ཆོས་ཀྱི་ལུགས་ཨིནམ་ལས་ ནང་པ་སངས་རྒྱས་ཀྱི་ཆོས་དང་ འབྲེལ་བ་མི་མཐོངམ་མས་ཟེར་ཨིནམ་ད་ ནང་པའི་ལུགས་ལས་འབད་བ་ཅིན་ ནོར་ལྷ་དེ་ ཨྱོན་ནོར་ལྷ་དང་ ལྷ་མོ་ནོར་རྒྱུན་མ་ ཚེ་རིང་མ་ དེ་ལས་ ཛམ་བ་ལྷ་ ལ་སོགས་པ་ཚུ་ ཨིན་ཟེར་ཨིན་པས།
འབྲུག་ལུ་བོན་ཆོས་དེ་ བོད་ལས་བརྒྱུད་དེ་ དར་ཡོདཔ་ད་ བོད་ལུ་ནང་པའི་བསྟན་པ་མ་དར་བའི་སྐབས་ བོན་པོའི་བླམ་ སྟོན་པ་ཤེས་རབ་ཟེར་མི་གིས་ ཁྱབ་སྤེལ་བཏང་ཡོདཔ་ད་ ཤུལ་ལས་ གུ་རུ་རིན་པོ་ཆེ་གིས་ ནང་པའི་བསྟན་པ་ གཞི་བཙུགས་གནང་མི་ལས་ཚུར་ བོན་ཆོས་འབད་མི་ མར་ཉམས་སོང་ཡོདཔ་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment