གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༩/༤/༢༠༡༣   འགོ་ཐོག་བཙག་འཐུའི་ནང་ཕམ་མི་ འདེམས་ངོ་ཚུ་ སྲིད་ཚོགས་གཞན་ནང་ འཛུལ་ཆོགཔ་ཨིན་ན?
༉ འབྲུག་གི་སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་བྱ་རིམ་ཚུ་ འགོ་འདྲེན་འཐབ་རནམ་བཞིན་དུ་ ཧེ་མ་ལས་ཡོད་པའི་ སྲིད་དོན་ཚོགས་པ་༢ རྩིས་ཏེ་ སྲིད་ཚོགས་༥ གིས་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་ གྲ་སྒྲིག་འབད་བའི་བསྒང་འདུག་ཟེར་ཞུ་ནི།


སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་དེ་ ལོ་༥ གི་ཧེ་མར་ འགོ་འདྲེན་འཐབ་མི་ བཙག་འཐུ་དང་ མི་འདྲ་ནི་ཨིན་མི་དེ་ཡང་ མི་མང་ལུ་ གདམ་འཐུ་འབད་ནི་གི་ སྲིད་དོན་ཚོགས་པ་༥ དང་ འདེམས་ཁོངས་རེ་ལས་ འདེམས་ངོ་༥ རེ་ འོང་ནི་ཨིནམ་ལས་ འབྲུག་གི་དམངས་གཙོའི་རིང་ལུགས་དེ་ ར་བཏགས་དོ་ཡོད་པའི་ བརྡ་མཚོན་ཅིག་ཨིན་མས་ཟེར་ཞུ་ནི།
མ་གཞི་ སྤྱི་ལོ་༢༠༠༨ ལུ་ སྲིད་དོན་ཚོགས་པ་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་ གཉིས་མ་གཏོགས་མེདཔ་ལས་ འགོ་ཐོག་བཙག་འཐུ་འགོ་འདྲེན་འཐབ་དགོཔ་ མ་བྱུངམ་ལས་ ཐད་ཀར་དུ་ སྤྱིར་བཏང་བཙག་འཐུ་འབད་མི་ལུ་བརྟེན་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ མགུ་འཐོམ་དགོཔ་ མ་བྱུང་པའི་ཁར་ ཚོགས་རྒྱན་ལན་ཐེངས་གཉིས་ བཙུགས་མ་དགོ་པའི་ ཕན་ཐབས་བྱུང་ཡོད་ཟེར་ཞུ་ནི།
ཨིན་རུང་ ད་རིས་ཀྱི་ གནས་སྟངས་ནང་ སྲིད་ཚོགས་ལེ་ཤ་ཐོན་ནི་དེ་གིས་ ཚོགས་རྒྱན་ཚར་གཉིས་ བཙུགས་དགོཔ་ལས་ མི་སེར་ཚུ་ལུ་ མགུ་འཐོམ་མི་བྱུང་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ཞུ་ནི། ག་འཆརཔ་ཟེར་བ་ཅིན་ འགོ་ཐོག་བཙག་འཐུ་ནང་ འདེམས་ངོ་ཚུ་མེན་པར་ སྲིད་ཚོགས་༥ ལས་ སྲིད་ཚོགས་གཉིས་བཙག་འཐུ་འབདཝ་ད་ སྲིད་ཚོགས་༣ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་མི་ཚུགས་ནི་མས་ཟེར་ཞུ་ནི།
སྲིད་ཚོགས་༣ ཕམ་སོ་མིའི་ འདེམས་ངོ་ཚུ་ འགོ་ཐོག་བཙག་འཐུ་ལས་ བཙག་འཐུ་གྲུབ་མི་ སྲིད་ཚོགས་༢ ལས་གང་རུང་ནང་ འཛུལ་ཞུགས་འབད་ནི་གི་ གོ་སྐབས་བྱིན་པ་ཅིན་ འཛུལ་ཆོགཔ་ཨིན་ན? བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ སྲིད་ཚོགས་ཀྱིས་ ངོས་ལེན་འབད་བ་ཅིན་ འདེམས་ངོ་ཚུ་ འཛུལ་ཆོགཔ་སྦེ་ཨིནམ་ལས་ འདི་ལུ་ སྟབས་མ་བདེཝ་སྦོམ་ མཐོངམ་མས་ཟེར་ཞུ་ནི།
ག་དེ་སྦེ་སྨོ་ཟེར་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ འགོ་ཐོག་བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་ལུ་ རང་སོའི་ཁས་བླངས་གསལ་བསྒྲགས་འབད་ནི་དང་ མི་མང་བསྐུལ་བསྒྲགས་འབད་ནི་གི་ མ་དངུལ་དངུལ་ཀྲམ་༡༣༠,༠༠༠ རེ་ སྤྲོད་པའི་མཐའ་མར་ འགོ་ཐོག་བཙག་འཐུ་ནང་ ཕམ་སོ་པ་ཅིན་ སྲིད་ཚོགས་གཞན་ནང་ འཛུལ་བའི་བསྒང་ལས་ དངམ་གཅིག་ལུ་ ཧེ་མའི་སྲིད་ཚོགས་ཀྱི་ ལྟ་བ་དང་ འདེམས་ངོ་དེ་གི་ ཁས་བླངས་གསལ་བསྒྲགས་ཚུ་ལས་ རྒྱབ་འགལ་འགྱོ་ནི་དང་ རང་གི་སྲིད་ཚོགས་ལུ་ ཐ་དམ་ཚིག་དང་ བློ་གཏད་མེདཔ་འགྱོ་ནི་གི་ ཚ་གྱང་ཡོད་ཟེར་ཞུ་ནི།
གཉིས་པ་འབདཝ་ད་ སྲིད་ཚོགས་གཅིག་ལས་ གཞན་ཅིག་ལུ་ འཛུལ་ཞུགས་འབད་བ་ཅིན་ ད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ བསྐུལ་བསྒྲགས་མ་དངུལ་གནང་དགོཔ་ འཐོན་ནི་དང་ ཕམ་མི་སྲིད་ཚོགས་ཚུ་ འགོ་ཐོག་བཙག་འཐུའི་ནང་ རྒྱལ་ཁ་ཐོབ་མི་ གང་རུང་ཅིག་དང་ བསྡོམས་ཐོག་ལས་ དོ་འགྲན་འབད་ནི་གི་ འོས་འབབ་འདུག་ཟེར་ཞུ་ནི།མ་གཞི་ རྩ་ཁྲིམས་ཆེན་མོ་དང་ ཁྲིམས་ཡིག་ཚུ་ནང་ དེ་སྦེ་ འཛུལ་ཆོག་མི་ཆོག་གི་སྐོར་ ག་ནི་ཡང་ གསལ་བཀོད་འབད་འབདཝ་མེད་རུང་ གོང་གསལ་གནད་དོན་ཚུ་ལུ་ལྟཝ་ད་ འདེམས་ངོ་ཚུ་ སྲིད་ཚོགས་༡ ལས་གཞན་ནང་ འཛུལ་ནི་དེ་ སྟབས་བ་བདེཝ་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུང་དོ་ཡོདཔ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ ནན་ཞིབ་འབད་དེ་ ལམ་ལུགས་དྭངས་གསལ་ཅིག་ བཟོ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

འཕྲིན་ལས་རྡོ་རྗེ། ཐིམ་ཕུ་ཁྲོམ།

No comments:

Post a Comment