གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་གཅིག་སྡོམ་ལམ་ལུགས་དེ་ དམངས་གཙོའི་གཞུང་ནང་ ཉེན་ཁ་ཅན་ཅིག་ཨིནམ།

༡༩/༤/༢༠༡༣    ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གི་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ནའི་ ཞལ་འཛོམས་མཇུག་ འགོ་འདྲེན་འཐབ་པའི་སྐབས་ བརྡ་བརྒྱུདཔ་ཚུ་གིས་ འགོ་ཐོག་བཙག་འཐུ་གི་སྐབས་ལུ་ ཕམ་མི་སྲིད་ཚོགས་ཀྱི་འདེམས་ངོ་ཚུ་ རྒྱལ་ཁ་འཐོབ་མིའི་སྲིད་ཚོགས་ནང་ འཛུལ་བཞུགས་ འབད་ཆོག་དང་ མི་ཆོག་གི་སྐོར་ལས་ དྲི་བཀོད་འབད་ཡི།
བརྡ་བརྒྱུདཔ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བར་ན་ ཞལ་འཛོམས་ཚོགས་པའི་བསྒང་།


དེ་གི་ལན་ལུ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ རྩ་ཁྲིམས་ཆེན་མོ་གིས་ སྲིད་དོན་ཚོགས་པ་ མངམ་སྦེ་བཟོ་ནིའི་ལམ་ལུགས་ལུ་ བློ་སྟོབས་བྱིནམ་ཨིན་རུང་ སྲིད་ཚོགས་སོ་སོ་ཚུ་ གཅིག་ཁར་བསྡོམས་ཏེ་ གཞུང་སྐྱོང་དང་ ལྡོག་ཕྱོགས་གང་རུང་བཟོ་ནི་ལུ་ སེམས་ཤུགས་བསྐྱེད་མི་བཅུག་ཟེར་ཨིན་པས།
དེ་གི་དོན་ཚན་དེ་ཡང་ གནད་གལ་ཅན་ཅིག་ལུ་དམིགས་ཏེ་ བཟོ་ཡོདཔ་ད་ དམངས་གཙོའི་གཞུང་གསརཔ་ ལེ་ཤ་ཅིག་ནང་ སྲིད་ཚོགས་ཀྱི་འཐུས་མི་ཚུ་ མཉམ་སྡེབ་འབད་ནིའི་ ལམ་ལུགས་ལུ་བརྟེན་ གཞུང་ཚུ་ འཕྲལ་འཕྲལ་སྦེ་ར་ སོར་དགོཔ་ཐོན་ཏེ་ ཡོད་ཟེར་སླབ་ཅི།
བློན་པོ་གིས་ འབྲུག་མི་ཚུ་ འདས་པའི་ལོ་ངོ་ ལེ་ཤ་ཅིག་གི་རིང་ རྒྱལཔོ་རིམ་བྱོན་གྱི་ དབུ་ཁྲིད་འོག་ལུ་ བདེ་སྐྱིད་དང་ རྒྱལ་ཁབ་ཀྱི་གནས་སྟངས་ དམ་སྒྲིང་སྦེ་སྡོད་ཡོདཔ་ལས་ གལ་སྲིད་ སྲིད་ཚོགས་ཚུ་ གཅིག་སྡོམ་འབད་ནིའི་ལམ་ལུགས་ ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ ལེགས་ཤོམ་ཅིག་ མི་འོང་ཟེར་སླབ་ཅི།
ང་བཅས་རའི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་མི་ སྲིད་ཚོགས་ག་ར་ལུ་ བཙག་འཐུའི་ནང་ འབྲེལ་གཏོགས་འབད་ནི་གི་ གོ་སྐབས་བྱིན་ནི་ལུ་དམིགས་ཏེ་ འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུ་ཟེར་ སྐོར་ཐེངས་༢ སྦེ་ འགོ་འདྲེན་འཐབ་ཨིན་ཟེར་ཨིན་པས།
འགོ་ཐོག་བཙག་འཐུ་སྐབས་ ཚོགས་རྒྱན་མཐོ་ཤོས་འཐོབ་མི་ སྲིད་ཚོགས་༢ མ་གཏོགས་ གཞན་ཚུ་གིས་ སྤྱིར་བཏང་བཙག་འཐུའི་ནང་ བཅའ་མར་གཏོགས་མི་ཆོག་ནི་དང་ སྲིད་ཚོགས་གཉིས་ལས་ཡང་ གཅིག་གཞུང་སྐྱོང་དང་ གཅིག་ལྡོག་ཕྱོགས་སྦེ་ སྡོད་འོང་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ བཟུམ་ཅིག་འབད་བ་ཅིན་ སྲིད་ཚོགས་༥ ཡོད་ས་ལས་ འགོ་ཐོག་བཙག་འཐུ་སྐབས་ སྲིད་ཚོགས་༣ ཕམ་དགོཔ་ཨིན་རུང་ ཕམ་མི་སྲིད་ཚོགས་ཀྱི་ འདེམས་ངོ་ཚུ་ རྒྱལ་ཁ་ཐོབ་མིའི་ སྲིད་ཚོགས་ནང་འཛུལ་ནི་ལས་ བཀག་ཆ་འབད་བའི་ ཁྲིམས་ལུགས་མེད་ཟེར་ བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ བཤད་ཅི།
ཨིན་རུང་ ཕམ་མི་སྲིད་ཚོགས་ཀྱི་ འཐུས་མི་གིས་ རྒྱལ་ཁ་འཐོབ་མིའི་སྲིད་ཚོགས་ནང་ འཛུལ་བཞུགས་འབད་བ་ཅིན་ འདེམས་ངོ་དེ་གིས་ དུས་ཡུན་ཐུང་ཀུ་ཅིག་ནང་ འགོ་ཁྲིདཔ་གསརཔ་དང་ དམིགས་བསལ་དུ་ ཧེ་མའི་སྲིད་ཚོགས་ཀྱི་ གཞི་རྩ་དང་མ་འདྲ་བའི་ གཞི་རྩ་གསརཔ་ཚུ་དང་འཁྲིལ་ ལཱ་འབད་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ཀྱི་བཙག་འཐུ་སྐབས་ སྲིད་ཚོགས་༢ ལས་བརྒལ་མེད་ནི་དེ་གིས་ དེ་བཟུམ་མའི་ འབྲེལ་གནད་ཚུ་ མ་བྱུང་སྟེ་འབད་རུང་ ད་ལས་ཕར་ དེ་བཟུམ་མའི་ལམ་ལུགས་ལུ་ ག་དེ་སྦེ་ ངོས་ལེན་འབད་ནི་ཨིན་ན་ ལྟ་དགོཔ་ཡོད་ཟེར་ཨིན་པས།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ གནད་དོན་དེ་ ད་རེས་ཀྱི་གནས་སྟངས་དང་ འབྲེལ་གནད་ཅན་ཅིག་ཨིནམ་བཞིན་དུ་ གནད་དོན་དེ་ དུས་ཚོད་གཞན་གྱི་སྐབས་ལུ་ཡང་ ཐོན་ཡི་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ འགོ་ཐོག་བཙག་འཐུ་ནང་ལས་ ཕམ་མིའི་འདེམས་ངོ་ཚུ་གིས་ ཁོང་ར་ ག་དགའ་སའི་ སྲིད་ཚོགས་གཞན་ཚུ་ནང་ འཛུལ་བཞུགས་འབད་བ་ཅིན་ སྲིད་ཚོགས་དེ་གི་གཞི་རྩ་ལུ་ གནོད་ནི་དང་ མ་འོངས་པར་ སྲིད་ཚོགས་ཚུ་ལུ་ མི་སེར་གྱིས་ བློ་གཏད་བསྐྱེད་མ་ཚུགས་པའི་ གནས་ཁུངས་ལུ་ འགྱུར་འོང་ཟེར་ཨིན་པས།
ལམ་ལུགས་དེ་ལུ་བརྟེན་ ང་བཅས་ཀྱིས་ ད་ལྟོ་ གོང་འཕེལ་གཏང་ནི་ལུ་དམིགས་མི་ སྲིད་དོན་ལམ་ལུགས་ཚུ་ལུ་ཡང་ གནོད་པ་ འབྱུང་འོང་ཟེར་ཨིན་པས།
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ སླབ་མིའི་ནང་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་དོན་ལུ་ གནོད་ཉེན་འོང་སྲིད་ནི་ཨིན་མི་ ལམ་ལུགས་དེ་ བཀག་ཐབས་ལུ་ བརྡ་བརྒྱུདཔ་ཚུ་གིས་ འགན་ཁུར་སྦོམ་འབག་དགོཔ་ ཡོད་ཟེར་ཨིན་པས།
དེ་ལུ་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ཡང་ རྒྱབ་སྐྱོར་གྱི་ བསམ་འཆར་ཚུ་ བཀོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment