གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་ཐོན་སྐྱེད་ ལངམ་མེདཔ་ལས་ བུ་ལོན་འཕྲོ་མཐུད་ ལེན་དགོཔ་འཐོན་ནི།

༡༩/༤/༢༠༡༣   ༉ ཁ་ཙ་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་ གྲོས་འཛོམས་མཇུག་འཚོགས་པའི་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁབ་ཀྱི་ འོང་འབབ་དེ་ གློག་ཤུགས་ལས་རྐྱངམ་གཅིག་ཨིན་པ་ཅིན་ དཔལ་འབྱོར་གྱི་གནས་སྟངས་ལུ་ ཚ་གྱང་ལང་དགོ་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ དཔལ་འབྱོར་གྱི་གནས་སྟངས་སྐོར་ལས་ དོགས་སེལ་འབད་བའི་བསྒང་།


བློན་ཆེན་གྱིས་ ལོ་བསྟར་གྱི་སྙན་ཞུ་ནང་ བཀོད་དོ་བཟུམ་སྦེ་ དཔལ་འབྱོང་གོང་འཕེལ་གཏང་ནིའི་གཞི་རྩ་ཚུ་ དཔེ་འབད་བ་ཅིན་ ལོ་ལྔའི་འཆར་གཞི་ནང་ ཚུད་དེ་ཡོདཔ་ད་ དེ་ཡང་ ལྟ་བཤལ་ལས་སྡེ་ནང་ བརྒྱ་ཆ་༡༠༠ རྒྱ་བསྐྱེད་འབད་ནི་གི་ རྒྱབ་སྣོན་ཡོད་ཟེར་ཨིན་པས།
སྲིད་བྱུས་ཚུ་ ཉམས་ཆག་མེདཔ་སྦེ་ ལོ་ལྔའི་འཆར་གཞི་༡༡ པའི་ བར་མཚམས་ལས་ ཤེས་རིག་དང་ གསོ་བ་ དེ་ལས་ བཟོ་གྲྭ་ཚུ་ འགོ་བཙུགས་ནི་ཨིནམ་ལས་ འཛམ་གླིང་ནང་ བུ་ལོན་མེད་པའི་རྒྱལ་ཁབ་ དག་པ་ཅིག་ལས་མེད་ཟེར་ཨིན་པས།
ཨེ་མི་རི་ཀ་དང་ ཡུ་རོབ་ དེ་ལས་ ཇ་པཱན་རྒྱལ་ཁབ་ཚུ་ནང་ བུ་ལོན་དེ་ བརྒྱ་ཆ་༡༠༠ ལས་ལྷག་སྟེ་ཡོདཔ་ད་ རྒྱལ་ཁབ་ལ་ལུ་ཅིག་ནང་ བརྒྱ་ཆ་༢༠༠ ལས་ལྷག་སྟེ་ཡོདཔ་ཨིན་རུང་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་འགྱོ་བའི་བསྒང་ཨིནམ་ལས་ རྒྱལ་ཁབ་ནང་འཁོད་ལས་ ལང་ཚུགས་པའི་དཔལ་འབྱོར་འཐོན་ནི་མེདཔ་ལས་ འཕྲོ་མཐུད་དེ་ར་ བུ་ལོན་ལེན་དགོཔ་འཐོན་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།
སྤྱི་ལོ་༢༠༢༠ གི་ནང་འཁོད་ལུ་ ཐབས་ལམ་ཚུ་ ལེགས་ཤོམ་སྦེ་བཙུགས་ཏེ་ རྒྱ་གར་གཞུང་དང་མཉམ་འབྲེལ་ཐོག་ལས་ གློག་མེ་ མེ་ག་ཝཱཊ་༡༠,༠༠༠ འབད་མི་དེ་ ཡོད་རུང་མེད་རུང་ རང་མགོ་རང་འདྲོངས་བཟོ་ནི་ཟེར་ཨིན་པས།
བློན་ཆེན་གྱིས་ རྒྱལ་ཁབ་ཀྱི་བུ་ལོན་ཚུ་ མཁས་མཆོག་ཚུ་གིས་ དབྱེ་ཞིབ་འབད་དེ་ཡོདཔ་ད་ བུ་ལོན་བྱིན་མི་ཚུ་གིས་འབད་རུང་ ང་བཅས་ཀྱིས་ རང་མགོ་རང་འདྲོངས་བཟོ་ཚུགས་ནི་གི་ ཡིད་ཆེས་བསྐྱེད་ཚུགས་པའི་ བློ་གཏད་ཡོད་ཟེར་ཨིནམ་ད་ ལོ་ལྔའི་འཆར་གཞི་༡༡ པའི་ཟད་འགྲོ་ཚུ་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་ མ་དངུལ་ག་དེམ་ཅིག་གིས་ གཏང་ཚུགས་ག་ དམིགས་གཏད་བཟོ་དོ་ཡོདཔ་ལས་ འཆར་གཞི་དང་འཁྲིལ་ཏེ་ར་ ཡོད་ཟེར་ཨིན་པས།
རྒྱ་གར་གྱི་རུ་པི་ ལེན་མི་གི་སྐོར་ལས་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོའི་གནས་སྟངས་དེ་ཡང་ སྐྱོ་དྲགས་ཅིག་མེན་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ འགྲོས་ཀྱིས་སྦེ་ འགྱོ་དོ་ཡོདཔ་སྦེ་ སླབ་མི་དེ་ཡང་ བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་ དཔལ་འབྱོར་གྱི་གནས་སྟངས་དེ་ ལེགས་ཤོམ་ཡོད་ཟེར་ཨིན་པས།
དེ་མ་ཚད་ བློན་པོ་གིས་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་ཚད་གཞི་དེ་ཡང་ ལེགས་ཤོམ་འགྱོ་དོ་ཡོད་རུང་ གནས་སྐབས་ཀྱི་དོན་ལུ་ བུ་ལོན་ལེན་དགོ་པས་ཟེར་ཨིནམ་ད་ ད་ལྟོའི་གཞུང་གིས་ གོང་འཕེལ་གྱི་ལས་སྣ་ ལེ་ཤ་འབད་དེ་ཡོད་ཟེར་ཨིནམ་ད་ ལོ་གཅིག་གི་རྒྱབ་ལས་ གདུང་བསམ་རྩི་ས་དང་ དར་དཀར་ཆུ་གློག་མེ་ལས་འགུལ་ཚུ་ འོང་དོ་ཡོདཔ་ལས་ དུས་ཚོད་ཐུང་ཀུ་ཅིག་ནང་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
དེ་ལུ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོའི་གཞུང་ནང་ རྒྱལ་སྤྱི་ནང་ དཔལ་འབྱོར་གྱི་གནས་སྟངས་ལུ་ དཀའ་ངལ་ཐོནམ་དང་འབྲེལ་ ཁ་ཐུག་རྐྱབ་ཡོད་པའི་ཁར་ ནང་འཁོད་ཀྱི་དཀའ་ངལ་ཡོད་རུང་ སྤྱི་ལོ་༢༠༠༨ ལུ་ དཔལ་འབྱོར་བརྒྱ་ཆ་༩ དེ་ཅིག་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཐོན་ཁུངས་དེ་ དངུལ་ཀྲམ་དུང་ཕྱུར་༥༤ འབད་མི་དེ་ དུང་ཕྱུར་༨༥ ལུ་ ཡར་སེང་རྐྱབ་སྟེ་ཡོདཔ་ད་ ལས་སྡེ་ཚུ་ཡང་ གོང་འཕེལ་འགྱོ་སར་མཐོང་ཡི་ཟེར་ཨིནམ་ད་ ལས་སྡེ་གི་ཁྲལ་བརྒྱ་ཆ་༡༢༢ དང་ ཚོང་འབྲེལ་གྱི་ཁྲལ་བརྒྱ་ཆ་༡༣༥ ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ བློན་པོ་གིས་ ག་ར་གིས་ དཔལ་འབྱོར་གྱི་གནས་སྟངས་སྐོར་ལས་ ཤེས་རྟོགས་ཡོད་རུང་ གདོང་ལེན་འབད་དགོཔ་ཡོད་ཟེར་ཨིནམ་ད་ དེ་གི་དོན་ལུ་ གཞི་འགྱམ་སྒྲིང་སྒྲིང་ བཟོ་སྟེ་ཡོད་པའི་ འཛམ་གླིང་གིས་ གནས་སྟངས་ལེགས་ཤོམ་འགྱོ་ཡོད་པའི་སྐོར་ལས་ ཤེས་རྟོགས་བྱུངམ་ད་ དཔལ་འབྱོར་གྱི་ དཀའ་ངལ་ཡོད་ཟེར་མི་དེ་ མི་བདེན་ཟེར་ཨིན་པས།
དེ་འབདཝ་ལས་ བློན་ཆེན་གྱིས་ དཔལ་འབྱོར་གྱི་གནས་སྟངས་ལུ་བརྟེན་ མི་ག་གི་ ལཱ་གཡོག་བྱང་ཡོདཔ་ཨིན་ན་དང་ མི་གི་ མི་ཚེའི་གནས་སྟངས་ལུ་ འགྱུར་བ་སོང་ཡོདཔ་ཨིན་ན་ གསོ་བའི་ཞབས་ཏོག་ཚུ་ ཧེ་མ་བཟུམ་ འཐོབ་ནི་མེདཔ་ཨིན་ན་ཟེར་བའི་ དྲི་བཀོད་འབད་ཡི།
བློན་ཆེན་གྱིས་ དེ་བཟུམ་མའི་ དཀའ་ངལ་གྱི་སྐོར་ལས་ སྣང་བ་འཆར་ནི་མི་འོང་ཟེར་ཨིནམ་ད་ འཛམ་གླིང་དངུལ་ཁང་གི་ སྔོན་འགྲོའི་ཞིབ་འཚོལ་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་དེ་ ལེགས་ཤོམ་ཡོདཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ འཛམ་གླིང་ནང་ དཔལ་འབྱོར་གྱི་དཀའ་ངལ་ཐོན་པའི་སྐབས་ ང་བཅས་རའི་རྒྱལ་ཁབ་ནང་ གོང་འཕེལ་འགྱོ་མི་དེ་ ཤེས་དགོ་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment