གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༠/༤/༢༠༡༣   འདས་པའི་ལོ་༥ གི་ དམངས་གཙོའི་བྱ་རིམ་ལུ་བསམ་ཞིབ།
༉ ལོ་ངོ་༥ གི་ཧེ་མར་ བཙག་འཐུ་གྲུབ་མི་ རྒྱལ་ཡོངས་ཚོགས་འདུ་འདི་ ད་རིས་ གཞུང་འབྲེལ་ཐོག་ལས་ རྩ་གྲོལ་འགྱོཝ་བཞིན་དུ་ ཉིན་གྲངས་༡༥ གི་ནང་འཁོད་ལུ་ གནས་སྐབས་ཀྱི་གཞུང་ གཞི་བཙུགས་མ་འབད་ཚུན་ཚོད་ གནས་ནི་ཨིན་མས།


དེ་ཡང་ སྤྱི་ལོ་༢༠༠༨ ཟླ་༤ པའི་ཚེས་༢༡ ལུ་འཚོགས་མི་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་ལོ་༥ པོ་དེ་ ད་རིས་ ཚངམ་དང་འབྲེལ་ འཐུས་མི་ཚུ་གིས་ རང་ལུགས་ཀྱི་ རྟེན་འབྲེལ་བརྩི་ཐོག་ལས་ རྩ་འགྲོལ་གཏང་ནི་ཨིནམ་བཞིན་དུ་ འདས་པའི་ལོ་༥ གི་རིང་ ཕྱག་ཞུ་མི་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་སྐྱོང་གི་ གྲུབ་འབྲས་དང་ འཐུས་ཤོར་ཚུ་ལུ་ བསྐྱར་ཞིབ་དང་ བསམ་ཞིབ་འབད་ནི་དེ་ཡང་ གལ་ཆེ་ནི་མས།
དམངས་གཙོའི་ལམ་ལུགས་ཐོག་ལས་ བཙག་འཐུ་གྲུབ་མི་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་མཇུག་བསྡུཝ་ད་ མི་མང་གི་སེམས་ཁར་ གཞུང་སྐྱོང་ཚོགས་པ་དང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ དམངས་གཙོའི་གཞི་འགྱམ་སྒྲིང་སྒྲིང་སྦེ་ གཞི་བཙུགས་འབད་ཚུགས་ཅི་ག་ཟེར་ ཚོར་སྣང་བྱུངམ་ཨིན་མས།
གཞུང་སྐྱོང་གིས་ མཐར་འཁྱོལ་བྱུང་མི་ཚུ་ལུ་ རྒྱབ་ལོག་བལྟ་བ་ཅིན་ འདས་པའི་ལོ་༥ འི་གཙོ་རིམ་ཅན་གྱི་ གྲུབ་འབྲས་༥ མཐར་འཁྱོལ་བྱུང་ཡོད་མི་དེ་ཡང་ རྒྱལ་ཁབ་ནང་ རྒྱལ་རབས་ཅན་གྱི་དུས་སྟོན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གསེར་ཁྲི་མངའ་གསོལ་དང་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་ བཀྲིས་མངའ་གསོལ་ དེ་ལས་ ནིའུ་ཡོག་ལུ་ རྒྱལ་སྤྱི་དགའ་སྐྱིད་ཀྱི་ ཉིནམ་བརྩི་སྲུང་འབད་མི་༣ ཆ་ར་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ གཉིས་པ་འབདཝ་ད་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ དགའ་སྐྱིད་ཚུ་ སྔར་ག་ཨིནམ་སྦེ་ རྒྱུན་སྐྱོང་འཐབ་པའི་ཁར་ གསུམ་པ་ལུ་ མི་སེར་ཡོངས་ལུ་ དྲང་བདེན་དང་ འདྲ་མཉམ་གྱི་སྒོ་ལས་ དྲང་ཁྲིམས་བྱིན་ཚུགས་པའི་གུ་ བཞི་པ་འབདཝ་ད་ རྒྱལ་ཁབ་ཀྱི་ མཐའ་ཟུར་ལུ་སྡོད་མི་ ཨ་ལུ་ཚུ་ སློབ་གྲྭ་ནང་ ངེས་པར་དུ་བཙུགས་དགོཔ་སྦེ་ བཟོ་བའི་གུ་ འབྲུག་དང་ རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དེ་ ལྷག་པར་དུ་ སྒྲིང་སྒྲིང་བཟོ་མི་དེ་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ འཁོར་ལམ་གྱི་ ཡོངས་འབྲེལ་སྦྲེལ་མཐུད་འབད་བའི་ཁར་ གློག་མེ་བཀྲམ་སྤེལ་ཡང་ ཧ་ལམ་ གྲོང་གཡུས་མང་ཤོས་ནང་ ལྷོད་ཡོདཔ་ལས་ བསྟོད་པར་འོས་པའི་ གྲུབ་འབྲས་ཅིག་ཨིན་མས།
འདི་འབདཝ་ད་ ལཱ་གཡོག་གི་ དཀའ་ངལ་དེ་ དོ་འགྲན་ཅན་སྦེ་ར་ གནས་ཏེ་ཡོད་པའི་ཁར་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ལུ་བརྟེན་ འབྲུག་གི་དཔལ་འབྱོར་གནས་སྟངས་ལུ་ ཐོ་ཕོག་སྟེ་ཡོད་མི་ལུ་ལྟཝ་ད་ འཐུས་ཤོར་བྱུང་དོ་བཟུམ་ཅིག་ཡང་མཐོངམ་མས།
ཨིན་རུང་ དམངས་གཙོའི་གཞུང་གི་ འགན་ཁུར་གཙོ་བོ་ཅིག་ འཛམ་གླིང་ནང་ གསར་ཤོས་ཅིག་ཨིན་མི་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་བཙུགས་ནི་དེ་ཨིནམ་ལས་ འདི་ཡར་སྤེལ་གྱི་དོན་ལུ་ མངོན་གསལ་ཆེ་བའི་ གྲུབ་འབྲས་བཏོན་མ་བཏོན་གྱི་ བསམ་ཞིབ་འབད་ནི་དེ་ཡང་གལ་ཆེ།
འཛམ་གླིང་ནང་ དམངས་གཙོའི་རིང་ལུགས་ཀྱི་ ལྟ་བ་དང་ ཁྱད་ཆོས་འདྲ་མ་འདྲཝ་ལེ་ཤ་ཡོདཔ་ཨིན་རུང་ འབྲུག་གིས་ དམངས་གཙོའི་རྒྱལ་ཁབ་རྙིང་ཤོས་ཚུ་ལས་ དཔེ་ཡང་དག་ཚུ་ དང་ལེན་འབད་དེ་ འབྲུག་གི་མི་སྡེ་དང་ ལམ་སྲོལ་ཚུ་དང་མཐུནམ་སྦེ་ ཡར་རྒྱས་གཏང་དགོཔ་བཞིན་དུ་ ཤུལ་མའི་གཞུང་སྐྱོང་ཚོགས་པ་ག་འོང་རུང་ འབྲུག་གི་དམངས་གཙོ་དེ་ འཛམ་གླིང་རྒྱལ་ཁབ་གཞན་ག་དང་ཡང་ མ་འདྲཝ་སྦེ་ གཞི་བཙུགས་འབད་དགོ།
འདི་འབདཝ་ལས་ འདས་པའི་ལོ་༥ གི་གྲུབ་འབྲས་ཚུ་ལུ་ ལེགས་བསྟོད་ཕུལཝ་དང་གཅིག་ཁར་ སྤྱི་ཚོགས་གཉིས་པའི་ བཙག་འཐུའི་ནང་ གཞུང་སྐྱོང་ཚོགས་པ་ག་འོང་རུང་ འབྲུག་གི་དམངས་གཙོའི་ལམ་ལུགས་དེ་ འཛམ་གླིང་གི་ མིག་དཔེ་བཟོ་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment