གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བོན་ཆོས་ལུགས་ཀྱི་ལོ་མཆོད་ ཉམས་མེད་གནས་བཞིན་ཡོདཔ།

༡༩/༤/༢༠༡༣   ༉ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ རྟ་ས་ལུ་ ད་ལྟོའི་བར་ན་ཡང་ བོན་པོའི་ཆོས་ལུགས་ མ་ཉམས་པར་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ འགོ་བཙུགས་ཏེ་ ཉིན་གྲངས་༢ འབད་མི་ བོན་ལུགས་ཀྱི་ ལོ་མཆོད་འགོ་བཙུགས་པའི་སྐབས་ གཡུས་མི་༥༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དཔའ་གཟརཔ་ཚུ་གིས་ རྦད་རྐྱབ་སྟེ་ གཡུས་སྐོར་རྐྱབ་པའི་བསྒང་།


གཡུས་ཚན་དེ་ནང་ ལོ་མཆོད་དེ་ལུ་ བློ་རྒྱུ་ཟེར་ སླབ་དོ་ཡོདཔ་ད་ དེ་བསྒང་ ཕོ་སྐྱེས་༡༦ དེ་ཅིག་གིས་ དཔའ་གཟརཔ་དང་ དཔའ་བོ་ཚུ་བཟོ་ཐོག་ལས་ ཕོ་ལྷ་དང་ དགྲ་ལྷ་ དེ་ལས་ ཡུལ་ལྷ་ཚུ་ལུ་ དབྱངས་དང་ཆང་གི་མཆོད་པ་ཚུ་ ཕུལ་དོ་ཡོདཔ་ཨིན་པས།
དེ་བཟུམ་གྱི་ ལོ་མཆོད་དེ་ ལོ་༣ རེ་གི་བར་ན་ཚར་རེ་ འགོ་འདྲེན་འཐབ་སྲོལ་ཡོདཔ་ད་ གསོལ་མཆོད་ཀྱི་སྐབས་ དཔའ་གཟརཔ་ཚུ་གིས་ རྦད་རྐྱབ་སྟེ་ གཡུས་སྐོར་ར་རྐྱབ་དོ་ཡོདཔ་མ་ཚད་ དེ་བསྒང་ གཡུས་མི་ཚུ་གིས་ མར་ཆང་ཁག་༣ དེཅིག་བསྒྲིགས་ཏེ་ ཆང་ཕུད་ཕུལ་བའི་ཤུལ་ལས་ ཁོང་ར་ཡང་འཐུང་སྟེ་ དགའ་སྤྲོ་བཏོན་དོ་ཡོདཔ་ཨིན་པས།
དཔའ་གཟརཔ་ཚུ་གི་ཧེ་མར་ བུཚ་༤ འབད་མི་སྡེ་ཚན་ཅིག་གིས་ ཤིང་གིས་བཟོ་མི་ ཕོ་མཚན་སྦོམ་ཅིག་འབག་སྟེ་ ཁ་ལས་ བཙོག་གཏམ་ཚུ་ སླབ་དོ་ཡོདཔ་ཨིན་པས།
ཕོ་མཚན་དེ་ དབང་ཕྱུག་ཆེན་མོའི་ མཚན་རྟགས་དང་ དེ་གིས་ མི་ཁ་བཟློག་སྟེ་ ཞི་བདེ་འབྱུང་ནིའི་ཚུལ་ཨིན་པས།
ཤིང་གི་ཕོ་མཚན་དེ་ ཨ་ལུ་ཚུ་གིས་འབག་སྟེ་ ཁ་ལས་བཙོག་གཏམ་ཚུ་ སླབ་མི་དེ་ཡང་ ཚིག་དོན་ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་པའི་སྐབས་ བྱིན་རླབས་འཇུག་ཚུགས་ཟེར་བའི་ སླབ་སྲོལ་འདུག་ཟེར་ སྐྱེས་ལོ་༧༠ ལང་མི་ མགོནམ་དོན་གྲུབ་ཀྱིས་ སླབ་ཨིན་པས།
དཔའ་གཟརཔ་དང་ ཕྱག་མཚན་འབག་མི་ཚུ་གིས་ མཆོད་པའི་ཚིག་འཐེན་ཏེ་ འགྱོ་བའི་སྐབས་ ཕྱོགས་ཅིག་ལས་ ཞབས་ཁྲ་རྐྱབ་མི་ཨམ་སྲུ་སྡེ་ཚན་ཅིག་གིས་ དཔའ་གཟརཔ་དང་ ཕྱག་མཚན་འབག་མི་ཚུ་ཞུ་སྟེ་ ཐང་ཅིག་ནང་ལྷོདཔ་ད་ ཨ་རྒས་དཔའ་བོ་ཅིག་གིས་ ཁོང་གི་གྲས་ཁར་འཛུལ་ཏེ་ དཔའ་བོ་རྐྱབ་དོ་ཡོདཔ་ཨིན་པས།
དཔའ་བོ་དང་གཅིག་ཁར་ ཕྱག་མཚན་༥ ཡོད་མི་དེ་ ཕྱི་རུ་ཁམས་ཅིག་ཁར་ ཕྱོགས་༤ དང་ སྟེང་ལྷའི་ཡུལ་ལུ་ སྟོར་བཏང་དོ་ཡོད་རུང་ ཨ་ལུ་༤ གིས་འབག་མི་ ཕྱག་མཚན་དེ་ གཡུས་མི་ཚུ་དང་གཅིག་ཁར་ ཉིནམ་༣ བཞག་དགོ་ཟེར་ མགོནམ་དོན་གྲུབ་ཀྱིས་ སླབ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ ལམ་སྲོལ་དེ་ འགོ་འདྲེན་མ་འཐབ་པ་ཅིན་ ཉམས་ནིའི་ཉེན་ཁ་འདུག་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་འབད་བ་ཅིན་ ལོ་མཆོད་ཀྱི་སྐབས་ ལྟོདམོ་བལྟ་མི་ཉུང་ཤོས་༢༠༠ དེ་རེ་ འཛོམས་ནི་ཡོད་རུང་ དུས་ཅི་ མི་༥༠ དེ་ཅིག་ལས་མེདཔ་ད་ དེ་ཡང་ མང་ཤོས་ར་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ ཨིན་མས་ཟེར་ཨིན་པས།
དྭངས་ཆུ་རྒཔོ་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ དུས་ཅི་ ལོ་མཆོད་བརྩི་སྲུང་འབད་དགོ་མི་དེ་ཡང་ གཡུས་མི་ཚུ་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ གལ་སྲིད་ རང་གི་གཡུས་སྒོའི་ལམ་སྲོལ་དེ་ ཉམས་པ་ཅིན་ རྐྱེན་བར་ཆད་ཚུ་ འབྱུང་ནི་མས་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
བོན་ཆོས་ཀྱི་ ལོ་མཆོད་སྐབས་ལུ་ རྟ་ས་གཡུས་ཚན་ནང་ ཁྱིམ་གུང་༡༧ ཡོད་ས་ལས་ ཉུང་ཤོས་མི་༡ གིས་ བཅའ་མར་གཏོགས་དགོཔ་སྦེ་ བཟོ་མི་དེ་ཡང་ ལམ་སྲོལ་དེ་ ཉམས་མི་བཅུག་ནིའི་དོན་ལུ་ཨིན་པས།
དྭངས་ཆུ་རྒེད་འོག་ནང་ དེ་བཟུམ་གྱི་ བོན་པོའི་ཆོས་ལུགས་ཀྱི་ ལོ་མཆོད་བཏང་མི་དེ་ རྟ་ས་གཡུས་ཚན་ལས་བརྒལ་ གཞན་ཁར་མེདཔ་ཨིན་པས།
རྟ་ས་གཡུས་ཚན་དེ་ དྭངས་ཆུ་རྒེད་འོག་གི་ སོ་ནམ་ཞིང་ལམ་ལས་ རྐང་ཐང་འབད་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགྱོ་དགོ་པའི་ས་ཁར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment