གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེཔ་ཚུ་གིས་ དྲི་བཀོད་ལས་རིམ་གྱི་དུས་ཚོད་ ཡར་སེང་རྐྱབ་དགོ་པའི་བསམ་བཀོད།

༢༠/༤/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་ནང་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ མི་མང་གི་རྩོད་འགྲན་དེ་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ རིག་འཛིན་རིག་འཛིན་གྱིས་ དྲི་བཀོད་ཀྱི་ཐད་ལུ་ ཁོ་རའི་དོ་འགྲན་པ་ལུ་ དྲི་བ་མེན་པར་ བསམ་འཆར་བཀོད་ཡོདཔ་ཨིན།


དེ་ཡང་ ཁོ་གིས་ དོ་འགྲན་པ་ བསྟན་པ་རྡོ་རྗེ་གིས་ མཁོ་མ་ཆུ་ལུ་ གློག་མེ་འཕྲུལ་ཁང་གཞི་བཙུགས་འབད་ནི་ཟེར་ ཞུ་མི་ལུ་ ཁོ་རའི་ཁ་ཐུག་ལས་ རྒྱབ་སྐྱོར་ཡོདཔ་མ་ཚད་ གཞུང་གི་སྲིད་བྱུས་ནང་ཡང་ ཚུད་དེ་ཡོད་པའི་ཁར་ ས་གནས་གཞུང་གི་ འཐོབ་ཁུངས་ལེགས་ཤོམ་བཟོ་ནི་ལུ་ཡང་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཁྲིམས་ཡོད་རིགས་ཡོད་ཚད་ མི་སེར་ཚུ་ལུ་ གོ་བ་སྤྲོད་ནི་དེ་ ལཱ་ཁག་རྐྱབ་ནི་ཨིནམ་མ་ཚད་ ཁྲིམས་ཚུ་ཡང་ འབྲེལ་ཡོད་ལྷན་ཁག་དང་ལས་ཁུངས་ དེ་ལས་ ལས་སྡེ་ཚུ་གིས་ བརྩམ་དོ་ཡོདཔ་ལས་ ཁྲིམས་ཆ་མཉམ་ར་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ རྒྱལ་ཡོངས་ཚོགས་སྡེ་གིས་ བརྩམ་ནི་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གོ་བ་སྤྲོད་དགོཔ་ཡོད་མི་ མི་སེར་ཚུ་ལུ་ ཐད་ཀར་དུ་ཕན་པའི་ ཁྲིམས་ཚུ་མ་གཏོགས་ གཞན་མི་ཚུ་ གོ་བརྡ་སྤྲོད་མི་ཚུགསཔ་ འོང་ཟེར་ཨིན་པས།
བསྟན་པ་རྡོ་རྗེ་གིས་ དོ་འགྲན་པ་ རིག་འཛིན་རིག་འཛིན་ལུ་ ཁོ་རའི་གསལ་བཤད་ནང་ ད་ལས་ཕར་ ཁོ་གིས་ ལྷུན་རྩེ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ལོག་སྟེ་ར་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ རྒྱལ་ཁབ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་རྩ་མེད་གཏང་ཐབས་ལུ་ རྒྱལ་ཡོངས་སོ་ནམ་གོང་འཕེལ་གྱི་ སྲིད་བྱུས་ཅིག་བརྩམ་ནི་ཟེར་ཨིན་པས།
ད་ལྟོ་ཚུན་ ལོ་༥ འི་རིང་ ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་གིས་ བཙག་འཐུ་འབད་དེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ལུ་ ག་ཅི་སྦེ་ བརྩམ་མ་ཚུགས་པར་ ལུས་སོཔ་ཨིན་ན་ཟེར་ དྲི་བ་བཀོད་ཅི།
དེ་ལུ་ རིག་འཛིན་རིག་འཛིན་གྱིས་ སླབ་མིའི་ནང་ མ་གཞི་ཁོ་ར་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ལྷུན་རྩེ་རྫོང་ཁག་གི་མི་སེར་ཚུ་གིས་ བཙག་འཐུ་འབད་ཡོད་རུང་ འདས་པའི་སྤྱི་ཚོགས་དེ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་འགོ་དང་པ་ འགོ་བཙུགས་མི་ལུ་བརྟེན་ རྒྱལ་ཁབ་ནང་ རྩ་ཁྲིམས་ཆེན་མོ་ལས་འགོ་བཟུང་ ཁག་ཆེ་བའི་བཅའ་ཁྲིམས་དང་ བཅའ་ཡིག་ལེ་ཤ་ ཆ་འཇོག་འབད་དགོཔ་ཡོདཔ་ལས་ འབད་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ གལ་སྲིད་བཙག་འཐུ་འགྲུབ་ཚུགས་པ་ཅིན་ ད་ལས་ཕར་ རྒྱལ་ཁབ་ནང་ སོ་ནམ་གོང་འཕེལ་གྱི་ སྲིད་བྱུས་བརྩམ་སྟེ་ མི་སེར་ཚུ་ འཚོ་བ་རང་མགོ་རང་འདྲོངས་ བཟོ་ཐབས་ལུ་ བདེ་ཐབས་འགྲིག་ནི་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་གི་ མི་སེར་ལ་ལུ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ མི་མང་རྩོད་འགྲན་གྱི་ ལས་རིམ་གྱི་དུས་ཚོད་དེ་ ཐུང་སུ་ཅིག་ཨིནམ་ལས་ མི་མང་གིས་ དྲི་བཀོད་ཡོངས་རྫོགས་འབད་མི་ཚུགས་པས་ཟེར་ཨིནམ་ད་ མ་འོངས་པའི་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ དྲི་བཀོད་ཀྱི་ལས་རིམ་དེ་ ཆུ་ཚོད་༡ དེ་ཅིག་ བཟོ་གནང་དགོཔ་འདུག་ཟེར་བའི་ བསམ་འཆར་བཀོད་ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment