གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་ནང་ རྒྱལ་ཡོངས་ཚོགས་སྡེའི་ རྩོད་བསྡུར་མཇུག་བསྡུ་ཡོདཔ།

༢༠/༤/༢༠༡༣  ༉ བཙག་འཐུ་ལས་གྲུབ་པའི་ ས་གནས་གཞུང་གི་ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ནི་དང་ ན་གཞོན་ལཱ་གཡོག་མ་འཐོབ་པའི་དཀའ་ངལ་བསལ་ནི་ དབུལ་ཕོངས་ཀྱི་དཀའ་ངལ་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མིའི་གྱངས་ཁ་ མར་ཕབ་རྐྱབ་ནི་ ཁྲལ་གྱི་བཅའ་ཁྲིམས་བསྐྱར་ཞིབ་འབད་ནི་ རྫོང་ཁག་ནང་ ལྟ་བཤལ་གོང་འཕེལ་གཏང་ནི་ དེ་ལས་ སོ་ནམ་གྱི་སྲིད་བྱུས་གསར་བརྩམ་འབད་ནི་ཚུ་ དར་དཀར་ནང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་གིས་ ཁས་བླངས་གསལ་བསྒྲགས་ཚུ་ཨིན་པས།
འདེམས་ངོ་༡ ལས་མེད་མི་ བསོད་ནམས་རྡོ་རྗེ་གིས་ གསལ་བཤད་འབད་བའི་བསྒང་།


ཁས་བླངས་གསལ་བསྒྲགས་ཚུ་ཡང་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ འགོ་འདྲེན་འཐབ་མི་ མི་མང་རྩོད་འགྲན་ལས་རིམ་ནང་ རྫོང་ཁག་འོག་གི་ རྒེད་འོག་༡༤ ཡོད་པའི་གྲས་ལས་ འདེམས་ངོ་གཅིག་ལས་བརྒལ་མེད་མི་ འཐུས་མི་བགྲེསཔ་ བསོད་ནམས་རྡོ་རྗེ་གིས་ གཙོ་བོར་བཏོན་ནི་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
དོ་འགྲན་འབད་མི་ག་ཡང་མེད་པའི་ལས་རིམ་ནང་ ཁོ་གིས་ ལོག་སྟེ་བཅའ་མར་གཏོགས་དགོ་པའི་དམིགས་དོན་ཚུ་གི་སྐོར་ལས་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་འབད་མི་ལུ་ བཀྲིན་དགའ་འཚོར་ ཡོད་ལུགས་དང་བཅས་ འདས་པའི་ལོ་༥ འི་རིང་ འགན་ཁུར་སྦོམ་ཕོག་མི་ལུ་བརྟེན་ ཉམས་མྱོང་དང་ ཡོན་ཏན་ལེ་ཤ་ཅིག་ར་ཐོབ་མི་དེ་ གོ་སྐབས་བཟང་པོ་གནང་མི་ དར་དཀར་ལུང་གསུམ་གྱི་ མི་སེར་ཆ་མཉམ་གྱི་ བཀྲིན་ལུ་བརྟེན་ཨིནམ་ད་ ད་རེས་ ལོག་སྟེ་ར་ བཙག་འཐུ་འགྲུབ་པ་ཅིན་ ཧེ་མ་བ་དྲགཔ་སྦེ་ ཕྱག་ཞུ་ཚུགས་འོང་མནོ་སྟེ་ ཐག་བཅད་བཅདཔ་ཨིན་ཟེར་ཨིན་པས།
རྫོང་ཁག་ལས་ དོ་འགྲན་འབད་མི་ འདེམས་ངོ་གཅིག་ལས་མེད་མི་ལུ་བརྟེན་ དྲི་བཀོད་དང་རྩོད་འགྲན་ཚུ་མེད་རུང་ མི་མང་གི་དོན་ལུ་ དྲི་བཀོད་ལས་རིམ་སྒོ་ཕྱེ་བའི་སྐབས་ རྩེ་བཟང་རྒེད་འོག་ནང་ལས་ རྒྱལ་མཚན་གྱིས་ འདེམས་ངོ་དེ་ ལོག་སྟེ་ར་བཙག་འཐུ་འགྲུབ་པ་ཅིན་ ཁོ་རའི་ཁས་བླངས་གསལ་བསྒྲགས་དང་འཁྲིལ་ རྫོང་ཁག་ནང་གི་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ཐབས་ག་བཟུམ་འབད་ནི་ཟེར་ དྲི་བཀོད་འབད་བའི་སྐབས་ ཁས་བླངས་གསལ་བསྒྲགས་དེ་ཚུ་ རྒྱལ་ཁབ་ཀྱི་ཞི་བདེ་དང་ སྲུང་སྐྱོབ་ ཡུན་བརྟན་གོང་འཕེལ་དང་འབྲེལ་བ་ཡོདཔ་ལས་ འགྲུབ་ནི་ལུ་ དུས་ཚོད་འགོར་ནི་ཨིན་རུང་ བཙག་འཐུ་འགྲུབ་པ་ཅིན་ ལོ་༥ འི་ནང་འཁོད་ལུ་ གྲུབ་འབྲས་འཐོན་ཚུགསཔ་སྦེ་ འབད་འོང་ཟེར་ཨིན་པས།
མི་ཅིག་གིས་ དྲི་བཀོད་འབད་མིའི་ནང་ འདེམས་ངོ་དེ་གིས་ འདས་པའི་སྤྱི་ལོ་༢༠༠༨ ཀྱི་བཙག་འཐུའི་བསྐུལ་བསྒྲགས་སྐབས་ལུ་ཡང་ དར་དཀར་ནང་རྫོང་ཁག་ནང་ ལྟ་བཤལ་གོང་འཕེལ་གཏང་ནིའི་སྐོར་ལས་ གསལ་བཤད་འབད་ཡོད་རུང་ གྲུབ་འབྲས་བཏོན་མ་ཚུགས་པར་ལུས་ཡོད་མི་དེ་ ད་ལས་ཕར་ ག་དེ་སྦེ་ གོང་འཕེལ་གཏང་ཚུགས་པའི་ འོས་འབབ་ཡོད་ག་ཟེར་དྲི་བའི་ལན་ལུ་ དར་དཀར་བཀྲ་ཤིས་གཡང་རྩེ་རྫོང་ནང་ ནང་རྟེན་འགངས་ཅན་ཚུ་ཡོདཔ་མ་ཚད་ གནས་མང་རབས་ཅིག་དང་ ལམ་སྲོལ་མ་འདྲཝ་ལེ་ཤ་ཡོད་མི་ལུ་བརྟེན་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ ཐེ་ཚོམ་མེད་ཟེར་ཨིན་པས།
ལས་རིམ་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ཀརྨ་རྡོ་རྗེ་གིས་ ཁས་བླངས་གསལ་བསྒྲགས་གཅིག་ ས་གནས་གཞུང་གི་དངུལ་ཕོགས་ཐོབ་དབང་དཔྱད་ཡིག་བཟོ་ནི་ཨིན་མི་དེ་ གཞི་ག་ཅི་ལུ་བརྟེན་ཨིན་ན་དང་ སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་དབང་གྱི་ བཅའ་ཡིག་གི་སྐོར་ལས་ བསྒྱུར་བཅོས་འབད་ནིའི་འཆར་གཞི་ཚུ་ ག་དེ་སྦེ་ར་ཡོད་ཟེར་ དྲི་བཀོད་འབད་བའི་སྐབས་ བསོད་ནམས་རྡོ་རྗེ་གིས་ ས་གནས་གཞུང་གི་བཙག་འཐུ་ལས་ གྲུབ་པའི་ལས་བྱེདཔ་ཚུ་གི་ ཐོབ་དབང་དེ་ ཞི་གཡོག་དང་ སྤྱི་ཚོགས་ལ་སོགས་པ་ ག་གི་འོག་ལུ་ཡང་ མ་ཚུད་ནི་དེ་གིས་ ཚད་གཞི་བཟོ་ནི་དེ་ ངེས་པར་དུ་ གལ་ཆེ་བ་ལུ་བརྟེན་ ཁོ་རའི་ཁ་ཐུག་ལས་ རྒྱབ་སྐྱོར་ཧྲིལ་པོར་ཡོད་ཟེར་ཨིན་རུང་ སྤྱི་ཚོགས་ཀྱི་འཐུས་མིའི་ ཐོབ་དབང་གི་སྐོར་ལས་ ག་ཅི་ཡང་མ་སླབ་པར་ཡོདཔ་ཨིན་པས།
མཇུག་བསྡུའི་གསལ་བཤད་ནང་ ད་རེས་ རྫོང་ཁག་ནང་ལས་ འདེམས་ངོ་ཁོ་ར་གཅིག་ལས་མེད་མི་དེ་ རྫོང་ཁག་འོག་གི་ མི་སེར་ཆ་མཉམ་གྱིས་ ཁོ་ལུ་ ཡིད་ཆེས་ཡོད་པའི་རྟགས་མཚན་ཨིནམ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རྒྱབ་སྐྱོར་མ་འབད་བའི་ དོགས་པ་ རྩ་ལས་ར་མེད་ཟེར་ ཨིན་པའི་གནས་ཚུལ།

དར་དཀར་ནང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment