གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚེ་ཐར་བཏང་མི་སེམས་ཅན་ཚུ་ མོས་མཐུན་ཐོག་ལས་ བཙོང་མི་ལུ་ར་ ལོག་སྤྲོད་ཚུགས་ནི།

༉ ད་རེས་ཁམས་ སྤྱི་ལོ་༢༠༠༨ ཅན་མའི་ འབྲུག་གི་སྒོ་ནོར་བཅའ་ཁྲིམས་དང་སྒྲིག་གཞི་ འཕྲི་སྣོན་འབད་མི་དང་འཁྲིལཝ་ད་ ད་ལས་ཕར་ ཚེ་ཐར་བཏང་མིའི་སེམས་ཅན་ཚུ་ བཞག་ནིའི་དོན་ལུ་ ས་ཁོངས་ངོས་འཛིན་འབད་དགོཔ་ཡོདཔ་ལས་ གལ་སྲིད་ ས་ཁོངས་མ་ཐོབ་པའི་ དཀའ་ངལ་རེ་བྱུང་པ་ཅིན་ སེམས་ཅན་བཙོང་མི་དང་ ཚེ་ཐར་གྱི་དོན་ལུ་ ཉོ་མི་༢ ཀྱི་བར་ན་ གན་ཡིག་བཟོ་ཞིནམ་ལས་ ལོག་བཙོང་མི་ལུ་སྤྲོད་རུང་ བཏུབ་ནི་ཨིན་པས།


དེ་ཡང་ སེམས་ཅན་ཚུ་ ཚེ་ཐར་བཏང་པའི་སྐབས་ བཞག་སའི་ས་ཁོངས་མ་འཐོབ་པའི་ དཀའ་ངལ་ཚུ་ འབྱུང་ནི་ཨིན་མི་ལུ་བརྟེན་ཨིན་ཟེར་ སྒོ་ནོར་ལས་ཁུངས་ཀྱི་ མགྲིན་ཚབ་ཅིག་གིས་ སླབ་ཨིན་པས།
སྒྲིག་གཞི་ལུ་ འཕྲི་སྣོན་འབད་དགོ་མི་དེ་ཡང་ ད་རེས་ཀྱི་གནས་སྟངས་ནང་ ཐིམ་ཕུ་དང་ སྤ་རོ་ ཧཱ་རྫོང་ཁག་ཚུ་ནང་ལས་ གཡག་ཚུ་ ཚེ་ཐར་སྦེ་ལེན་པའི་ཤུལ་ལུ་ བུམ་ཐང་ལས་ཕར་ ག་ལྷོད་བཏང་བཞག་མི་གིས་ མི་སྡེའི་ནང་ བྱ་སྟབས་མ་བདེཝ་ཐོན་མི་དང་ ཕྱི་རྒྱལ་ལས་ སེམས་ཅན་ཚུ་ ཚེ་ཐར་ལེན་ཏེ་ རྒྱལ་ཁབ་ནང་ འབག་འོང་མི་ལུ་བརྟེན་ ནད་གཞི་འདྲ་མིན་ཚུ་ཡང་ ལེ་ཤ་ཅིག་ ཐོན་མི་དང་བསྟུན་ཨིན་པས།
འཕྲི་སྣོན་འབད་མི་ སྒྲིག་གཞི་དང་འཁྲིལ་བ་ཅིན་ ཚེ་ཐར་བཏང་མིའི་ སེམས་ཅན་ཅིག་ལུ་ རང་བཞིན་གྱི་ ཤི་རྐྱེན་རེ་བྱུང་རུང་ ཉེན་སྲུང་གི་དོན་ལུ་ ཤ་ཚུ་ མི་གིས་བཟའ་མ་ཆོགཔ་ད་ གལ་སྲིད་ སེམས་ཅན་དེ་ རྦོབ་རིལ་བའི་ རྐྱེན་ངན་བཟུམ་ཅིག་འབད་བ་ཅིན་ འབྲེལ་ཡོད་ལས་སྡེ་གིས་ བརྟག་དཔྱད་འབད་བའི་ཤུལ་ལུ་ མི་གིས་བཟའ་རུང་ བཏུབ་ནི་ཨིན་པས།
ཞིབ་དཔྱད་འབད་དེ་ ཉེན་ཁ་མེད་པའི་གསལ་སྟོན་བྱུང་པ་ཅིན་ ཤ་དེ་ བདག་དབང་ཡོད་པའི་ ཚེ་ཐར་ཚོགས་པ་དང་ ཡང་ན་ མི་ངོ་དེ་ལུ་ རྩིས་སྤྲོད་འབད་ནི་ཨིན་ཟེར་ ད་རེས་ འཕྲི་སྣོན་འབད་མི་ འབྲུག་གི་སྒོ་ནོར་བཅའ་ཡིག་དང་ སྒྲིག་གཞི་སྤྱི་ལོ་༢༠༠༨ ཅན་མའི་ནང་ བཀོད་དེ་ཡོདཔ་ཨིན་པས།
འབྲེལ་ཡོད་ལས་སྡེ་དང་ སྒོ་ནོར་ལས་ཁུངས་ དེ་ལས་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་ཚུ་ལས་ ཁ་བཀོད་ལེན་ཐོག་ལས་ ཚེ་ཐར་བཏང་མི་དང་ ཡང་ན་ དེ་གི་ངོ་ཚབ་ཚུ་གིས་ ཉེན་ཁ་མེད་པའི་ ས་ཁོངས་ཅིག་ནང་ བཞག་དགོཔ་ཨིན་པས།
སྒྲིག་གཞི་དང་འཁྲིལ་བ་ཅིན་ ག་དེམ་ཅིག་སྦེ་ ཚེ་ཐར་གྱི་ ལཱ་འབད་མི་ཚུ་གིས་ ཚོགས་པ་དང་ ཡང་ན་ ངོ་རྐྱང་ཚུ་གིས་ བདག་མེད་སྦེ་ བཏང་བཞག་པ་ཅིན་ སེམས་ཅན་ཚུ་ ཆུ་ཚོད་༢༤ གི་རིང་ བདག་འཛིན་ཐབས་བཞག་ནིའི་དོན་ལུ་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་དང་ སྒོ་ནོར་ལས་ཁུངས་གཉིས་ཀྱིས་ གནས་སྐབས་ཀྱི་ ས་ཁོངས་ཅིག་ ངོས་འཛིན་འབད་དགོཔ་ད་ གལ་སྲིད་ སེམས་ཅན་དེ་ ལེན་པར་མ་འོང་པ་ཅིན་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ནི་ཨིན་པས།
ད་རུང་ ཁྲིམས་སྲུང་འགག་པའི་ནང་བཞག་སྟེ་ དུས་ཡུན་ཆུ་ཚོད་༢༤ ལང་རུང་ ཇོ་བདག་ཐོན་ནི་མེད་པ་ཅིན་ ཁྲིམས་སྲུང་འགག་པ་གིས་ ཇོ་བདག་འཚོལ་ཏེ་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ བཀལ་ནི་ཨིན་པས།
སེམས་ཅན་ཚུ་ འཛིན་བཟུང་འབད་དེ་ བཞག་པའི་སྐབས་ གསོ་སྐྱོང་གི་དོན་ལུ་ ཟད་འགྲོ་ཚུ་ ག་དེམ་ཅིག་སོང་ཡོདཔ་ཨིན་ན་ ཚོགས་པ་དང་ ངོ་རྐྱང་གིས་ རྩིས་རྐྱབ་སྟེ་ ལོག་སྤྲོད་དགོཔ་ཨིན་པས།
ཚེ་ཐར་གྱི་ལཱ་འབད་མི་ཚུ་གིས་ ཁྲིམས་མཐུན་ཐོག་ལས་ ལཱ་ཚུ་སྟབས་བདེ་ཏོག་ཏོ་སྦེ་ འབད་ཚུགས་ནིའི་དོན་ལུ་ ཚོགས་པ་དེ་ དབང་འཛིན་དང་གཅིག་ཁར་ ཐོ་བཀོད་འབད་དགོཔ་མ་ཚད་ གཞུང་མིན་ལས་ཚོགས་སྦེ་ཡང་ ངོས་འཛིན་གྱི་ ཐོ་བཀོད་བསྒྲུབ་དགོཔ་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ བྱང་ས་སེམས་ཅན་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ ཞི་བའི་ལས་ཚོགས་དང་ ཐོ་བཀོད་འབད་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ འདུག་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཚོགས་པ་མེན་པའི་ མི་ངོ་རྐྱང་ཚུ་གིས་ ཚེ་ཐར་གྱི་ལཱ་ འབད་འདོད་ཡོད་པ་ཅིན་ སྤྱི་ལོ་༢༠༠༨ ཀྱི་ འབྲུག་གི་སྒོ་ནོར་བཅའ་ཡིག་དང་ སྒྲིག་གཞིའི་དགོངས་དོན་དང་ འཁྲིལ་དགོཔ་ཨིན་པས།
འཕྲི་སྣོན་འབད་མི་ སྒྲིག་གཞི་དང་འཁྲིལ་བ་ཅིན་ ཚེ་ཐར་བཏང་མིའི་སེམས་ཅན་ཚུ་ འཇམ་ཏོང་ཏོ་སྦེ་ ངོས་འཛིན་འབད་ཚུགས་ནིའི་དོན་ལུ་ རྣམ་ཅོ་གུ་ ངོ་རྟགས་ཚུ་ བཀལ་དགོཔ་ད་ སེམས་ཅན་ཚུ་ སྣང་མེད་ཐོག་ལས་ འགྲོ་འགྲུལ་འབད་མི་དང་ ནོར་གྱི་ནད་གཞི་ཐོན་མི་ སེམས་ཅན་ཚུ་ ཚུལ་མིན་སྦེ་ བཞག་སྟེ་ཡོད་མེད་ དེ་ལས་ ཉོ་བཙོང་འཐབ་པའི་གནད་དོན་ཚུ་ འབྲུག་བཟའ་སྤྱོད་དང་ ཁྲིམས་དོན་དབང་འཛིན་གྱིས་ འགན་ཁག་འབག་སྟེ་ ལྟ་རྟོག་འབད་དགོཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ཐིམ་ཕུ་ལུ་ ཞལ་འཛོམས་འཚོགས་པའི་སྐབས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཚེ་ཐར་གྱི་ ལཱ་འབད་བའི་སྐབས་ གཞུང་ལས་ མ་དངུལ་གྲོགས་རམ་ཅིག་ཡང་ དགོཔ་སྦེ་ སླབ་ཡོད་རུང་ དེ་ལུ་ ངོས་ལེན་འབད་མ་ཚུགསཔ་ཨིན་པའི་གནས་ཚུལ།
                                                                                       ཉི་མ་དབང་འདུས།

No comments:

Post a Comment