གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་གྱི་རྫོང་གསརཔ་ ལོ་༥ གི་རྒྱབ་ལས་བསྒྲུབ་ནི།

༡༥/༤/༢༠༡༣   རྒྱ་གར་གཞུང་གིས་ མ་དངུལ་གྱི་གྲོགས་རམ་ དངུལ་ཀྲམ་ས་ཡ་༢༥༠ བྱིན་མིའི་ཐོག་ལས་ དངུལ་ཀྲམ་ས་ཡ་༣༢ ཟད་འགྲོ་བཏང་ཚར་ནུག།
༉ ད་རིས་ལས་འགོ་བཙུགས་ ལོ་༥ གི་རྒྱབ་ལས་ པདྨ་དགའ་ཚལ་ལུ་ ས་གོ་ཡངས་དྲགས་དང་ མཐའ་འཁོར་ལུ་ རང་བཞིན་གནས་སྟངས་མཛེས་ཆ་དང་ལྡན་པའི་ རྫོང་གཞིས་གསརཔ་ཅིག་ མཐོང་གསལ་འབྱུང་ནི་ཨིན་པས།
པདྨ་དགའ་ཚལ་རྫོང་ གསར་བཞེངས་ཀྱི་བཀོད་རིས།


དེ་ཡང་ ད་ལྟོའི་ རྫོང་ཁག་བདག་སྐྱོང་ཡིག་ཚང་ལས་ ཁ་མར་ལྟ་སྟེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ སྣུམ་འཁོར་ནང་འགྱོ་དགོ་པའི་ས་གནས་ དན་ཆི་ལུ་ ས་རྒྱ་ཨེ་ཀར་ཕྱེད་དང་གསུམ་ནང་ གསར་བཞེངས་འབད་བའི་བསྒང་ཡོད་མི་ རྫོང་གཞིས་ཀྱི་དོན་ལུ་ ལྕགས་དང་རྩི་སའི་ཀཝ་ཚུ་ལྷོང་ནི་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ལས་ འགོ་བཙུགས་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རྫོང་གསར་བཞེངས་ཀྱི་ ལཱ་ཡུན་འགྱངས་ལུས་མི་དེ་ ལག་ཤེས་ཅན་གྱི་ ལས་མི་དང་ ཤིང་བཟོ་བོ་ཚུ་ མ་ཐོབ་ནི་དེ་གིས་ཨིནམ་སྦེ་ ཧེ་མའི་དྲི་ལན་ཅིག་ནང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ ཨིན་རུང་ ས་གནས་ཀྱི་ ལས་མི་༨༠ དང་ ཆུ་ཁ་རྫོང་གསར་བཞེངས་ཀྱི་ ལས་མི་༥༠ འབད་མི་ སྡེ་ཚན་ཅིག་གིས་ རྫོང་གསར་བཞེངས་ཀྱི་ ལཱ་ཚུ་ལུ་ ཤུགས་བཏོན་ཏེ་ ཟླཝ་༥ ལྷགཔ་ཅིག་ འགྱོ་དོ་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རྫོང་གསར་བཞེངས་ཀྱི་ ལས་འགུལ་འཛིན་སྐྱོང་པ་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་གསར་བཞེངས་ཀྱི་དོན་ལུ་ ལཱ་མང་ཤོས་ར་ ཤིང་བཟོ་བ་ལྷགཔ་སྦེ་ རྡོ་བཟོའི་ལཱ་མངམ་འབད་དགོཔ་ལས་ ལས་མི་མ་ཐོབ་མི་དང་ ཡང་ཅིན་ ཤིང་བཟོ་བོ་ཚུ་གི་ དཀའ་ངལ་མིན་འདུག་ཟེར་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་ བརྒྱ་ཆ་༦༠ དང་༧༠ དེ་ཅིག་ རྩི་ས་ལག་ལེན་འཐབ་དགོཔ་ལས་ ཤིང་ཆས་དང་ ཡང་ཅིན་ ཤིང་བཟོ་དང་འབྲེལ་བའི་ ལས་མི་མངམ་དགོཔ་མིན་འདུག་ཟེར་ཨིན་པས།
ཨིན་རུང་ རྫོང་དེ་ལུ་ ཤིང་ཆས་ག་དེམ་ཅིག་ དགོ་ནི་ཨིན་ན་ ད་ལྟོ་ ཏན་ཏན་སྦེ་ སླབ་མི་ཚུགས་པས་ཟེར་ ལས་འགུལ་མདོ་ཆེན་གྱིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་གསར་བཞེངས་ཀྱི་སྐབས་ལུ་ གདོང་ལེན་འབད་དགོཔ་ སྦོམ་ཤོས་ར་ མཁར་རྒེད་འོག་གི་ ཞིང་ལམ་ལས་མར་ ཀི་ལོ་མི་ཊར་༥ དེ་ཅིག་ ཁ་སྒྱུར་ཏེ་སེལ་མི་ འཁོར་ལམ་དེ་ གནམ་བྱཱར་ ཆར་ཆུའི་སྐབས་ ལམ་བསུབ་ནི་གི་ ཉེན་ཁ་ཡོད་མི་དེ་ཨིནམ་ད་ གལ་སྲིད་ ས་རུད་ཆད་དེ་ ལམ་བསུབས་པ་ཅིན་ རྫོང་གཞིས་གསར་བཞེངས་ཀྱི་ ས་ཁོངས་ནང་ རྒྱུ་ཆས་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ འགྲོ་འགྲུལ་འབད་མ་ཚུགས་པའི་ ཚ་གྱང་ཡོད་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ རྫོང་གསར་བཞེངས་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་མི་ཚུ་ ལཱ་མེད་པར་ མི་བཞག་ནིའི་དོན་ལུ་ བཟོ་སྐྲུན་གྱི་ རྒྱུ་ཆས་ཚུ་ལངམ་སྦེ་ མཁོ་སྒྲུབ་འབད་དེ་ ཡོད་ཟེར་ཨིན་པས།
དན་ཆི་བཟུམ་མའི་ ས་གནས་ནང་ བཟོ་སྐྲུན་གྱི་ ལཱ་འབད་ནི་དེ་ དོ་འགྲན་ཅན་དང་ དཀའ་ལས་ཅན་ཅིག་ཨིནམ་ད་ ང་བཅས་ ཧ་ལམ་ ཉིན་བསྟར་བཞིན་དུ་ འགྱོ་དགོ་མི་ རྫོང་ཁག་བདག་སྐྱོང་ཡིག་ཚང་དང་ དངུལ་ཁང་དེ་ ཀི་ལོ་མི་ཊར་༢༠ དེ་ཅིག་གི་ས་ཁར་ ཡོད་པའི་ཁར་ གནམ་བྱཱར་ལུ་ ཚ་དྲོད་ཌི་གི་རི་ སེལ་ཤི་ཡཱསི་༤༠ ལུ་ ལྷོད་ནི་ཡོདཔ་ལས་ ལས་མི་ཚུ་གིས་ ལཱ་ག་དེ་སྦེ་ འབད་ཚུགས་འོང་ག་ཟེར་ ཚ་གྱང་ཡོད་ཟེར་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
དོ་འགྲན་གཞན་དེ་ ལས་འགུལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆུའི་དཀའ་ངལ་ཨིནམ་ད་ ད་རེས་ནངས་པ་ དན་ཆི་ཁྲོམ་གྱི་ སྡོད་ཁྱིམ་༡༥ གི་དོན་ལུ་ དུས་ཡུན་ཆུ་ཚོད་༢ ལམ་འགྱོ་དགོ་པའི་ རོང་ཆུ་ལས་ འཐེན་ཡོད་མི་ ཆུ་དེ་ སྤྱི་རུབ་ཐོག་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ས་ཁོངས་དེ་ནང་ ཆུ་ལངམ་སྦེ་ཡོད་པ་ཅིན་ རྩི་སའི་ལཱ་ཚུ་ མགྱོགས་སུ་སྦེ་ འབད་ནི་ལུ་ ཕན་ཐབས་བྱུང་བྱུངམ་འོང་ཟེར་ ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ལཱ་ཚུ་ ང་བཅས་ཀྱི་ འཆར་གཞི་དང་འཁྲིལ་ འགྱོ་བ་ཅིན་ རྫོང་གཞིས་དེ་ སྤྱི་ལོ་༢༠༡༨ ཀྱི་ ཞག་དུས་ནང་ བསྒྲུབ་ཐབས་འབད་ནི་གི་ དམིགས་གཏད་བསྐྱེད་དོ་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
བཟོ་སྐྲུན་ས་ཁོངས་དེ་ནང་ ཆུ་ལི་ཊར་༨༧,༠༠༠ ཤོང་ཚད་ཡོད་མི་ རྩི་སའི་ཆུ་མཛོད་ཅིག་ རྐྱབ་པའི་སྒང་ཡོད་མི་དེ་ ཧ་ལམ་ མཇུག་བསྡུ་དོ་ཡོདཔ་ལས་ དེ་གིས་ ཆུའི་དཀའ་ངལ་ བསལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རྒྱ་གར་གཞུང་གི་ མ་དངུལ་ལས་འགུལ་ཐོག་ལས་ གསར་བཞེངས་འབད་བའི་བསྒང་ཡོད་མི་ པདྨ་དགའ་ཚལ་རྫོང་གི་དོན་ལུ་ མ་དངུལ་ས་ཡ་༢༥༠ ཡོད་མི་ལས་ ད་ཚུན་གྱི་བར་ན་ དངུལ་ཀྲམ་ས་ཡ་༣༢ དེ་ཅིག་ ལག་ལེན་འཐབ་ཚར་ཡོད་པའི་གནས་ཚུལ།

No comments:

Post a Comment