གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་བྱང་ཕྱོགས་འདེམས་ཁོངས་ཀྱི་ འདེམས་ངོ་མང་ཤོས་ཅིག་གིས་ ངོ་སྤྲོད་འབད་བའི་བསྒང་ཡོདཔ།

༡༦/༠༤/༢༠༡༣ ༉ ཐིམ་ཕུའི་བྱང་ཕྱོགས་ས་ཁོངས་ཀྱི་ སྲིད་དོན་ཚོག་པ་༥ པོ་ཆ་རའི་ འདེམས་ངོ་ཚུ་གིས་ རང་སོའི་འདེམས་ཁོངས་ཚུ་ནང་ ངོ་སྤྲོད་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ མཐའ་ཟུར་གྱི་ས་གནས་ མང་ཤོས་ཅིག་ནང་ འགོ་འདྲེན་འཐབ་ཚར་ཡོདཔ་ཨིན་པས།
འབྲུག་ཀུན་མཉམ་པར་ཊི་གི་ འདེམས་ངོ་ཚེ་དབང་བཀྲིས་ཀྱིས་འབད་བ་ཅིན་ མ་གཞི་ བརྡ་བརྒྱུད་ཀྱི་མཐུན་རྐྱེན་ཡོད་པའི་ ས་གནས་ཚུ་ནང་ བྱ་སྟབས་མ་བདེཝ་ མེདཔ་ཨིན་རུང་ མཐུན་རྐྱེན་མེད་པའི་རྒེད་འོག་ གླིང་བཞི་དང་ སྲོས་ ན་རོ་ཚུ་ནང་ དཀའ་ངལ་འདུག་ཟེར་ཨིན་པས།
ད་རེས་ཁམས་ ས་གནས་ཚུ་ནང་ འགྲོ་འགྲུལ་འབད་མི་ ཚེ་དབང་བཀྲིས་ཀྱིས་འབད་བ་ཅིན་ མི་སེར་ཚུ་ལུ་ ངོ་སྤྲོད་འབད་བར་ འགྱོ་བའི་སྐབས་ མོ་རའི་རྐངམ་གུ་ ཆུ་འབུར་ཐོན་ཏེ་ ལཱ་ཁག་རྐྱབ་ཡོདཔ་ཨིན་རུང་ ཐིམ་ཁྲོམ་གྱི་ ས་ཁོངས་འོག་ལུ་ཚུད་པའི་ ས་གནས་ཚུ་ནང་ ལྷོད་ཅི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ངོ་སྤྲོད་ལྟ་སྐོར་གྱི་སྐབས་ མོ་གི་སྲིད་ཚོགས་ལུ་ རྒྱབ་སྐྱོར་དགོཔ་སྦེ་ མ་སླབ་མི་ལུ་བརྟེན་ མི་སེར་ཚུ་གིས་ ངལ་རངས་བསྐྱེད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིནམ་ད་ དེ་གི་སྐབས་ མོ་གིས་ སྲིད་ཚོགས་ག་གདམ་ཁ་རྐྱབ་ནི་ཨིན་ན་ མི་སེར་ཚུ་ རང་སོའི་སེམས་དང་ འཁྲིལ་ནི་ཨིན་ཟེར་ སླབ་ཅི་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ ལི་ལི་དབང་ཕྱུག་གིས་ འདེམས་ཁོངས་དེ་ནང་ འདེམས་ངོ་ཨམ་སྲུ་མངམ་སྦེ་ ཡོད་མི་དེ་ གཞན་དང་མ་འདྲཝ་ཅིག་ ཨིན་པའི་ཁར་ དེ་གིས་ ཨམ་སྲུའི་འགོ་ཁྲིད་པའི་གནས་སྟངས་ ཡར་རྒྱས་འགྱོ་བའི་ བརྡ་མཚོན་སྟོནམ་མས་ཟེར་ སླབ་ཡོདཔ་ཨིན།
མོ་གིས་ སླབ་མིའི་ནང་ ད་ཚུན་ལུ་ མོ་རའི་འདེམས་ཁོངས་ནང་དང་ རྒྱལ་ཁབ་ཀྱི་ས་གནས་ཚུ་ནང་ ངོ་སྤྲོད་དང་ སྲིད་ཚོགས་དེ་ ག་དེ་སྦེ་འགྱོ་དོ་ཡོདཔ་ཨིན་ན་ བརྡ་སྤྲོད་འབད་བར་ འགྱོ་མ་ཚུགས་ཟེར་ཨིནམ་ད་ མོ་རའི་འདེམས་ངོ་དང་ ཚོགས་པ་ནང་ ལཱ་འབད་མི་ཚུ་གིས་ རྒྱབ་སྐྱོར་པ་ཚུ་དང་གཅིག་ཁར་ ཨ་རྟག་ར་ འབྲེལ་བ་འཐབ་བཞིན་དུ་ ཡོད་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སླབ་མིའི་ནང་ ལོ་ཅིག་གི་ཧེ་མར་ མོ་ར་ ཀེན་སར་གྱི་ ནད་གཞི་ལུ་བརྟེན་ ལཱ་ཁག་རྐྱབ་ཡོདཔ་ཨིན་རུང་ ད་རེས་དྲག་ཡོདཔ་ད་ མོ་ར་ ན་སྟེ་སྡོད་པའི་སྐབས་ གལ་སྲིད་ནད་གཞི་དེ་ལས་དྲག་པ་ཅིན་ མོ་རའི་མི་ཚེ་དེ་ གཞན་ལུ་ ཆ་རོགས་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་སྦེ་ ཁས་བླངས་འབད་ཡི་ཟེར་ཨིན་པས།
ད་རེས་ སྲིད་ཚོགས་ནང་ འབྲེལ་གཏོགས་འབད་མི་དེ་ཡང་ གཙོ་བོ་ར་ མོ་གིས་ མི་གཞན་ལུ་ ཆ་རོགས་འབད་ནིའི་ བསམ་དོན་འགྲུབ་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
འདེམས་ངོ་ཚུ་གི་གྲས་ལས་ ཉམས་མྱོང་ཅན་ཅིག་ཨིན་མི་ ཐིམ་ཕུའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ སངས་རྒྱས་བཟངམོ་གིས་ ཐིམ་ཕུའི་བྱང་ཕྱོགས་ས་ཁོངས་དེ་ རྒྱ་ཆེ་དྲགས་ཅིག་ཨིནམ་སྦེ་ སླབ་ཡོདཔ་ད་ ས་ཁོངས་དེ་ནང་ ས་གནས་ཁག་གི་མི་སེར་ ལེ་ཤ་ཅིག་ཡོདཔ་ཨིན་རུང་ མི་རྩིས་ཐིམ་ཕུ་ལུ་ཡོད་མི་ བརྒྱ་ཆ་༡༠ དེ་ཅིག་ལས་བརྒལ་ མིན་འདུག་ཟེར་ཨིན་པས།
མོ་ར་གིས་འབད་བ་ཅིན་ མི་སེར་ཚུ་ལུ་ ཞབས་ཏོག་ཞུ་ནི་ལུ་ ལྕོགས་གྲུབ་ཅན་ཅིག་སྦེ་ ཚོརཝ་ཨིན་རུང་ མི་སེར་ཚུ་གིས་ སེམས་ཐག་ག་དེ་སྦེ་བཅད་འོང་ག་ བལྟ་ནི་ལུ་ རག་ལས་འོང་ཟེར་ཨིནམ་ད་ ད་ཚུན་ལུ་ མོ་གིས་ སྲོས་ ན་རོ་ གླིང་བཞི་ཚུ་ནང་ འགྲོ་འགྲུལ་འབདཝ་མ་ཚད་ ཀ་ཝང་དང་ ཁྲོམ་གྱི་ཡན་ལག་ས་ཁོངས་ཚུ་ནང་ཡང་ ངོ་སྤྲོད་འབད་དེ་ ཡོདཔ་ཨིན་པས།
ངོ་སྤྲོད་ལྟ་སྐོར་གྱི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ ཧེ་མའི་རྒྱབ་སྐྱོར་པ་ཚུ་ འཛོམས་བཅུག་ཐབས་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ རྒྱབ་སྐྱོར་པ་ཚུ་ལུ་ གཞན་མི་སྲིད་ཚོགས་ཚུ་ནང་ འབྲེལ་གཏོགས་འབད་ནིའི་ནང་ འཇིགས་སྣང་བྱུང་སྟེ་ འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་ཕོ་སྐྱེས་རྐྱངམ་གཅིག་ཨིན་མི་ འབྲུག་ཕུན་སུམ་ཚོགས་པའི་དེམས་ངོ་ ཀུན་དགའ་ཚེ་རིང་གིས་ འབད་བ་ཅིན་ བྱང་ཕྱོགས་ཐིམ་ཕུ་ལུ་ རྒྱལ་ཁབ་ཀྱི་ མི་རློབས་ལས་ བརྒྱ་ཆ་༢༠ དེ་ཅིག་ སྡོད་དོ་ཡོདཔ་སྦེ་སླབ་ཅི།
ཁོ་གིས་ ཀ་ཝང་དང་ གླིང་བཞི་ སྲོས་ ན་རོ་རྒེད་འོག་ཚུ་ནང་ ངོ་སྤྲོད་འབད་བར་ སོང་ཡོདཔ་ད་ ཀུན་དགའ་ཚེ་རིང་དེ་ སྲིད་ཚོགས་ནང་ གསརཔ་ཅིག་འབད་ནི་དེ་གིས་ ངོ་སྤྲོད་ལས་རིམ་དེ་ ཁག་ཆེ་དྲགས་ཅིག་སྦེ་ མཐོང་ཡི་ཟེར་ཨིན་པས།
ཀུན་དགའ་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ཀྱི་མི་སེར་ཚུ་གིས་ སྲིད་ཚོགས་གསརཔ་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་དོ་ཡོདཔ་ཨིན་རུང་ ཞལ་འཛོམས་ཁག་ལེ་ཤ་ཅིག་ འགོ་འདྲེན་འཐབ་མི་ལུ་བརྟེན་ མི་ཚུ་ དལ་ཁོམས་མིན་འདུག་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སངས་རྒྱས་མཚོ་སྐྱིད་ཀྱིས་འབད་བ་ཅིན་ བྱང་ཕྱོགས་ཐིམ་ཕུའི་མི་སེར་ཚུ་ མང་ཤོས་ཅིག་གིས་ར་ ས་ཁོངས་དེ་ནང་ མི་ཕྱུགཔོ་ཚུ་སྡོད་དོ་ཡོད་པའི་ འཆར་སྣང་བྱུང་ཡོདཔ་ཨིན་རུང་ མཐའ་ཟུར་ས་གནས་ ལེ་ཤ་ཅིག་ནང་ འགྲུལ་འཁོར་གྱི་མཐུན་རྐྱེན་མེད་མི་ཡང་ ལེ་ཤ་ཅིག་ར་ཡོདཔ་ལས་ ཤུགས་བཏོན་དགོཔ་ འདུག་ཟེར་ཨིན་པས།
འདེམས་ཁོངས་ཀྱི་ས་གནས་ མང་ཤོས་ཅིག་ནང་ར་ ལྟ་སྐོར་འབད་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ གྱངས་ཁ་ཡར་སེང་ཐོག་ སྲིད་འབྲེལ་ནང་ འབྲེལ་གཏོགས་འབད་མི་ལུ་ལྟ་སྟེ་ སེམས་དགའ་ཡི་ཟེར་ཨིན་པས།
འདེམས་ཁོངས་ནང་ ཁྲོམ་སྡེ་རྩིས་པའི་ རྒེད་འོག་༤ འབདཝ་ད་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༥,༧༠༠ ཡོདཔ་ད་ དེ་ཚུ་གི་གྲས་ལས་ གླིང་བཞི་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༢༢༦ དང་ སྲོས་ལུ་༡༤༦ ན་རོ་ལུ་༡༧༢ དེ་ལས་ ཀ་ཝང་ལུ་༡,༠༡༠ ཡོད་མི་དེ་ མཐོ་ཤོས་ཅིག་ཨིན་པས།
ཁྲོམ་གྱི་ས་ཁོངས་ནང་འབད་བ་ཅིན་ ནོར་འཛིན་ལམ་གྱི་ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༡,༣༢༩ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ གཞན་མི་ ལྕང་སྒང་ཁ་ལུ་༧༥༧ མུ་ཏིག་ཐང་ལུ་༤༠༤ ཀ་ཝང་བྱང་ས་དང་ འབྱུང་བཞི་ནང་ལུ་༡,༡༨༠ དེ་ལས་ རྟ་རྦབ་དང་ བདེ་ཆེན་ཆོས་གླིང་ལུ་༥༧༠ ཡོདཔ་ཨིན་པའི་གནས་ཚུལ།

                                                                                         ཉི་མ་དབང་འདུས།

No comments:

Post a Comment