གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་ཕུད་རྡོག་གཅིག་འབད་རུང་ རྒྱལ་ཁ་ཐོབ་མི་ཐོབ་ཀྱི་དོགས་སྣང་།

༡༧/༤/༢༠༡༣   ༉ ད་རེས་ནངས་པ་ བཀྲིས་སྒང་གི་ མི་སེར་ཚུ་གི་སེམས་ཁར་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་བསོད་ནམས་ཀུན་དགའ་དེ་ ལོག་བཙག་འཐུ་འགྲུབ་མི་འགྲུབ་ཀྱི་ དོགས་སྣང་ཡོདཔ་ཨིན་པས།
མ་གཞི་ རྫོང་ཁག་ལས་ འདེམས་ངོ་ཕུད་རྡོག་གཅིག་ལས་བརྒལ་མེད་མི་ བསོད་ནམས་ཀུན་དགའ་གི་ ལྕོགས་གྲུབ་ལུ་ལྟ་སྟེ་ མི་སེར་མང་ཤོས་ཅིག་གིས་ ཁོ་ ལོག་བཙག་འཐུ་འགྲུབ་པའི་ རེ་བ་བསྐྱེདཔ་ཨིན་རུང་ མི་སྡེ་ཆ་ཤས་ཅིག་གིས་ བཙག་འཐུ་ནང་ལས་ ག་དེ་སྦེ་ རྒྱལ་ཁ་འཐོབ་འོང་ག་ཟེར་བའི་ དོགས་སྣང་བསྐྱེད་དོ་ཡོདཔ་ཨིན་པས།



མི་སེར་ཚུ་གིས་ རྫོང་ཁག་ནང་ འདེམས་ངོ་ཕུད་རྡོག་གཅིག་ར་ཨིན་ཟེར་ མནོ་བསམ་བཏང་སྟེ་ ཁོ་ལུ་ ཚོགས་རྒྱན་བཙུགས་ན་མ་གཏོགས་ ཁོ་ ལོག་སྟེ་ར་ བཙག་འཐུ་འགྲུབ་འོང་ཟེར་ ང་བཅས་ཀྱིས་ ཐད་རི་བ་རི་སྦེ་ སླབ་མི་ཚུགས་ཟེར་ བཀྲིས་སྒང་ལས་ ལྟ་རྟོག་པ་ཅིག་གིས་ བཤད་པའི་ཁར་ སྲིད་དོན་ནང་ མི་སེར་ཚུ་གི་སེམས་ དེ་འཕྲོ་ལས་ འགྱུར་ནི་འཇམ་ཟེར་ སླབ་ཨིན་པས།
དོགས་པ་ཟ་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་གྲུབ་འབྲས་བཟུམ་ འབྱུང་ནི་གི་ འོས་འབབ་འདུག་ཟེར་ཨིནམ་ད་ དེ་བསྒང་ བསོད་ནམས་ཀུན་དགའ་གིས་ བཙག་འཐུའི་ནང་ལས་ རྒྱལ་ཁ་འཇམ་ཏོག་ཏོ་སྦེ་ འཐོབ་ནི་གི་ རེ་བ་བསྐྱེད་ཡོད་རུང་ ཚོགས་རྒྱན་འཕྲུལ་ཆས་ཀྱི་ གྲུབ་འབྲས་ཚུ་ལུ་ལྟ་སྟེ་ རྣམ་རྟོག་ལང་དགོཔ་བྱུང་ནུག།
ཁོ་གིས་ ཚོགས་རྒྱན་༥,༩༡༡ མ་གཏོགས་ཐོབ་མ་ཚུགསཔ་ལས་ སྦིས་གདུང་ལས་ ཁོ་གི་བྱང་ཕྱད་ཀྱིས་ ཚོགས་རྒྱན་༦,༠༧༠ ཐོབ་སྟེ་ ཕམ་བཏང་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་གྱིས་སྦེ་ རྒྱལ་ཁ་ཐོབ་ནུག།
མི་ཚུ་གི་ དོགས་སྣང་ལས་འབད་བ་ཅིན་ ད་རིས་ཀྱི་ བཙག་འཐུ་ནང་ཡང་ འདི་བཟུམ་མི་འགྱོ་ག་ཟེར་ཨིནམ་ད་ ལྷག་པར་དུ་ ཁོ་གིས་ གཞུང་སྐྱོང་ཚོགས་པ་ལུ་ སྐྱོན་བརྗོད་འབད་མི་ལུ་བརྟེན་ དབུགས་འགམ་བྱུང་མི་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ཡང་ ཁོ་ལུ་ མ་དགའཝ་བསྐྱེདཔ་ཨིན་པས།
བསོད་ནམས་ཀུན་དགའ་གིས་ འདེམས་ཁོངས་གོང་འཕེལ་གནང་བྱིན་ལུ་ ཉོགས་བཤད་བཀོད་མི་ལུ་བརྟེན་ མ་དངུལ་གྲོགས་རམ་ལུ་ རྒྱབ་སྐྱོར་ཡོད་མི་ཚུ་གི་ ཚོགས་རྒྱན་མི་འཐོབ་ནི་བཟུམ་ཡོདཔ་ད་ འདེམས་ཁོངས་གོང་འཕེལ་གནང་བྱིན་དེ་ རྩ་ཁྲིམས་ལས་ འགལ་བ་ཨིན་ཟེར་ དགག་པ་རྐྱབ་མི་དེ་ མི་ཚུ་གིས་ གོ་བ་ཕྱི་འགྱུར་ལེན་ཐོག་ལས་ འཆར་དངུལ་བཏོག་བཏང་ཡོདཔ་སྦེ་ བརྩི་འཇོག་འབདཝ་ཨིན་པས།
མི་སེར་ཚུ་གིས་ འདེམས་ཁོངས་གོང་འཕེལ་གནང་བྱིན་དེ་ དགོས་མཁོ་མེདཔ་སྦེ་ སླབ་སླབ་མེད་ཟེར་ མེ་རག་གི་ ནོར་རྫིཔ་ཅིག་གིས་ བཤད་པའི་ཁར་ མེ་རག་ལུ་ བསོད་ནམས་ཀུན་དགའ་ལུ་ དགའ་མི་དང་ རྒྱབ་སྐྱོར་འབད་མི་གཉིས་ཆ་ར་ འདྲན་འདྲ་ཡོད་ཟེར་ཨིན་པས།
ད་རུང་ འཐོར་གཏམ་དང་འཁྲིལཝ་ད་ བཀྲིས་སྒང་གཤོང་ཕུག་དང་ མེ་རག་ བར་མཚམས་ སྦིས་གདུང་ ར་སྡི་ལ་སོགས་པའི་ བྱང་ཕྱོགས་རྒེད་འོག་ཚུ་ནང་ ཡོངས་གྲགས་མེདཔ་མ་ཚད་ ཧེ་མར་ རྒྱབ་སྐྱོར་འབད་མི་ ཞི་གཡོགཔ་ཚུ་གིས་ཡང་ ཁ་བཏང་དོ་ཡོདཔ་ཨིན་པས།
ཨིན་རུང་ བསོད་ནམས་ཀུན་དགའ་དེ་ རྐང་པར་དང་ ཁྲིམས་ཤིང་ བཀང་ལུང་ མཁའ་གླིང་ ཨུ་མཛོ་རོང་རྒེད་འོག་ཚུ་ནང་ ཡོངས་གྲགས་ཡོདཔ་ལས་ བཙག་འཐུའི་ནང་ རྒྱལ་ཁ་འཐོབ་ནི་གི་ འོས་འབབ་ཡོད་མི་དེ་ཡང་ བཀྲིས་སྒང་རྫོང་ཁག་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༤༡,༢༢༢ ཡོད་མི་ལས་༢༤,༩༣༦ རྒེད་འོག་དེ་ཚུ་ནང་ཡོད་ནི་དེ་གིས་ཨིན་པས།
བྱང་ཕྱོགས་རྒེད་འོག་ཚུ་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༡༦,༢༨༦ མ་གཏོགས་མེདཔ་ལས་ ཁོ་གིས་ ལྷོ་ཁ་ཐུག་གི་ རྒེད་འོག་༢ ཀྱིས་ ཁོ་ལུ་ ཚོགས་རྒྱན་མ་བཙུགས་རུང་ ཚོགས་སྡེའི་སྡོད་ཁྲི་འཐོབ་ནི་གི་ གོ་སྐབས་ཡོདཔ་ཨིན་པས།
དེ་འབདཝ་ད་ བསོད་ནམས་ཀུན་དགའ་གི་ ལྕོགས་གྲུབ་ལུ་བརྟེན་ བཀྲིས་སྒང་གིས་མ་དོ་བར་ རྒྱལ་ཁབ་ནང་འཁོད་ལུ་ ཡོངས་གྲགས་ཡོདཔ་ལས་ དོ་འགྲན་པ་གཞན་ཡོད་རུང་ ང་བཅས་ཀྱི་ གདམ་ཁ་དེ་ ཁོ་ལུ་ར་ འགྱོ་འོང་ཟེར་ སྦིས་གདུང་ལས་ སོ་ནམ་པ་ གནས་བརྟན་རྡོ་རྗེ་གིས་ སླབ་ཨིན་པས།
དེ་མ་ཚད་ ང་བཅས་ཀྱི་ རྫོང་ཁག་ནང་ འདེམས་ངོ་གཞན་མེདཔ་ལས་ ཕུད་རྡོག་གཅིག་ཡོད་མི་ལུ་ དགོ་གི་ཚོགས་རྒྱན་མ་བཙུགས་པར་ བྱ་ཐབས་གཞན་མེད་ཟེར་ གཤོང་ཕུག་ལས་ ཨྱོན་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment