གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམར་བསད་འབད་མི་ དོགས་ཅན་གྱི་ ཁྲག་དཔེ་ལུ་སྒུག་དོ་ཡོདཔ།

༡༧/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ དགེ་ལེགས་ཕུག་ལུ་ སྐྱེས་ལོ་༡༣ ལང་མི་ སློབ་ཕྲུག་བུམོ་༡ དམར་བསད་འབད་ཡོདཔ་ལས་བརྟེན་ གསར་སྤང་ཁྲིམས་སྲུང་འགག་པ་གིས་ བུམོ་དེ་གི་ ཁྲག་གི་དཔེ་ཚད་ བརྟག་དཔྱད་འབད་ནིའི་དོན་ལུ་ བཏང་ཡོདཔ་མ་ཚད་ དོགས་ཅན་ཕོ་སྐྱེས་དེ་གི་ ཁྲག་གི་དཔེ་ཚད་ཡང་ རྒྱ་གར་ཀཱོལ་ཀ་ཊ་ལུ་ བཏང་ཡོདཔ་ཨིན་པས།


ཁྲག་གི་དཔེ་ཚད་སྡེ་ཚན་ནང་ལས་ ལིང་དཔོན་བློ་བཟང་གིས་ བཤད་མི་དང་འཁྲིལཝ་ད་ ཁོང་གི་ ཚེ་འདས་བུམོ་གི་ གཟུགས་ཁར་ བརྟག་དཔྱད་འབད་ནིའི་དོན་ལུ་ ཌི་ཨེན་ཨེ་ གསལ་བཤད་ཚུ་འཚོལཝ་ཨིན་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ བུམོ་གི་ གཟུགས་ནང་ལས་ ཌི་ཨེན་ཨེ་གི་ རྟགས་མཚན་གསལ་སྟོན་ཚུ་ ཐོབ་ཚུགས་པ་ཅིན་རྐྱངམ་གཅིག་ དོགས་ཅན་དང་གཅིག་ཁར་ ཁྱད་པར་ཕྱེ་ཐོག་ལས་ ལྟ་ཚུགས་ཟེར་ཨིན་པས།
རྒྱ་གར་གྱི་ལས་མི་དེ་ བཟོ་སྐྲུན་ས་ཁོངས་ནང་ལས་འཛིན་བཟུང་འབད་དེ་ གསར་སྤང་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་མ་གཏོགས་ གནད་དོན་དེ་གི་སྐོར་ལས་ སྒྲུབ་བྱེད་ཅིག་ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
གསར་སྤང་ཁྲིམས་སྲུང་འགག་པའི་ སྡེ་འཛིན་ མགོན་པོ་དཔལ་འབྱོར་གྱིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ བཟོ་སྐྲུན་ས་ཁོངས་ནང་ ལཱ་འབད་མི་ རྒྱ་གར་གྱི་ལས་མི་དེ་ རྐྱེན་ངན་བྱུང་སའི་ས་ཁོངས་ནང་ ཡོདཔ་ལས་བརྟེན་ ཁོ་ལུ་ འདྲི་དཔྱད་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁྲིམས་སྲུང་འགག་པ་གིས་ རྡོ་ལོང་སྒང་གི་ས་གནས་ནང་སྡོད་མི་ མི་ལེ་ཤ་ཅིག་ལས་ ངག་བརྗོད་ཚུ་ལེན་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ ད་ལྟོ་ ངག་བརྗོད་ཚུ་ ལྟ་ཞིབ་འབད་བའི་བསྒང་ཨིན་ཟེར་ཨིན་པས།
ཚེ་འདས་བུམོ་གིས་ ལག་ལེན་འཐབ་མིའི་ འགྲུལ་འཕྲིན་མོ་བཱལ་དེ་ ཐོབ་ཚུགསཔ་པ་ཅིན་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་རུང་ མོ་བཱལ་དེ་ ད་ལྟོ་ ཐོབ་མ་ཚུགས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་འབད་བ་ཅིན་ བུམོ་དེ་གིས་ བརྒྱུད་འཕྲིན་བཏང་ཡོད་མིའི་ཐོ་ཚུ་ ཐོབ་ཡོད་རུང་ ད་ལྟོ་ གཏན་འཁེལ་སྦེ་ ག་ཅི་ཡང་ སླབ་མི་ཚུགས་པས་ཟེར་ཨིན་པས།
འཇིགས་མེད་གླིང་ མི་སྡེ་སློབ་གྲྭ་ཆུང་བའི་ སློབ་རིམ་༥ པའི་སློབ་ཕྲུག་བུམོ་དེ་ སྤྱི་ཟླ་༤ པའི་ཚེས་༡༡ གི་དྲོ་པ་ མོ་ར་རྐྱངམ་གཅིག་སྦེ་ སློབ་གྲྭ་ནང་ འགྱོ་བའི་ལམ་ཁར་ དམར་བསད་འབད་ཡོདཔ་ཨིན་པས།
ཉམས་རྒུད་པའི་ དཔྱལཝ་གུ་རྨ་སྐྱོན་བྱུང་མི་དང་ གཟུགས་ཁར་རྨ་སྐྱོན་བྱུང་ཡོདཔ་མ་ཚད་ ཨོམ་དང་ གསང་གནས་ཚུ་ནང་ཡང་ རྨ་བཏོན་ནུག་ཟེར་ཨིནམ་ད་ རྐྱེན་ངན་དེ་ གསར་སྤང་དང་ དགེ་ལེགས་ཕུག་གཞུང་ལམ་གྱི་ལྟག་ལུ་ ཀི་ལོ་མི་ཊར་ཕྱེད་དང་༢ དེ་ཅིག་གི་ས་ཁར་ ཚལ་མ་སྟུག་དྲགས་ཅིག་ནང་ མི་ཊར་༢༠ དེ་ཅིག་གི་རྩིས་ འཐེན་འདྲུད་འབད་ཐོག་ལས་ བསད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་སྨན་ཁང་གི་ གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ ཚེ་འདས་བུམོ་ཅུང་དེ་ དབང་བཙོང་ལུས་འབྲེལ་འབད་བའི་ བདེན་རྟགས་ ག་ཅི་ཡང་མ་བྱུང་ཟེར་ བཤདཔ་ཨིན་རུང་ ཁྲག་གི་དཔེ་ཚད་ཀྱི་ སྙན་ཞུ་ལྷོདཔ་ད་ སྒྲུབ་བྱེད་གཏན་འཁེལ་སྦེ་ གསལ་བཀོད་འབད་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment