གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུཚ་བྱང་སྟོར་ཤོར་མིའི་ཡིག་ཆ་ཚུ་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོདཔ།

༡༦/༠༤/༢༠༡༣  ༉ སྤྱི་ལོ་༢༠༠༥ ལུ་ བསམ་གྲུབ་ལྗོངས་མཁར་ ལའུ་རི་ལས་ སྐྱེས་ལོ་༡༤ ལང་མི་བུཚ་༡ གར་སོང་མེད་པར་ བྱང་སྟོང་ཤོར་མི་དེ་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ འཚོལ་ཞིབ་འབད་ནི་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས།


བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ ཐིམ་ཕུ་ཁྲིམས་སྲུང་འགག་པའི་ ཡིག་ཚང་ལྟེ་བའི་ནང་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ བུཚ་དེ་གི་ ཨ་རྒས་ཨིན་ཟེར་ སླབ་མི་དེ་ གཟུགས་བདེ་ཏོག་ཏོ་མེདཔ་མ་ཚད་ བློ་ཡང་ ལེགས་ཤོམ་སྦེ་ སླབ་མ་ཚུགསཔ་ལས་ དྲི་དཔྱད་ལེགས་ཤོམ་འབད་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་དེ་གིས་ གཡུས་ཁའི་ ཁྱིམ་ཚང་ཚུ་ལུ་ དྲི་དཔྱད་ཚུ་ ལེགས་ཤོམ་སྦེ་ འབད་ནི་ཟེར་ཨིན་པས།
ཐིམ་ཕུའི་ཁྲིམས་སྲུང་འགག་པ་ཚུ་གིས་ བུཚ་དེ་ སྤྱི་ལོ་༢༠༠༥ ལུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་པའི་ ཟླཝ་༡ དང་ཉིན་གྲངས་༡༥ འི་ཤུལ་ལས་ ལོག་བཏང་ཡོདཔ་སྦེ་ ཐོ་དེབ་ནང་ འཁོད་དེ་ཡོད་རུང་ བུཚ་དེ་ རྩིས་ག་ལུ་ སྤྲོད་སྤྲོདཔ་ཨིན་ནའི་ སྐོར་ལས་ ཐོབ་མ་ཚུགསཔ་ཟེར་ཨིན་པས།
བུཚ་གི་ཨའི་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲགོས་དཔལ་ལྡན་དབང་ཕྱུག་གི་ ཁྱིམ་ནང་ ཐགས་འཐག་སྟེ་ སྡོད་མི་ཅིག་ཨིནམ་ལས་ བུཚ་དེ་ཡང་ དྲགོས་ཀྱིས་ སློབ་གྲྭ་ནང་ བཙུགས་ཏེ་ཡོདཔ་ཨིན་པས།
ཨིན་རུང་ དྲགོས་དཔལ་ལྡན་དབང་ཕྱུག་གིས་་ ཀུན་གསལ་ལུ་ འདས་པའི་ དྲི་དཔྱད་འབད་བའི་སྐབས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་དེ་ནང་ བུཚ་དེ་གིས་ ཁྱིམ་ནང་ལས་ ཏི་རུ་ཨར་རྐུན་འབད་དེ་ ལོག་ཁྱིམ་ནང་ ལོག་མ་འོངམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ཕུལ་ཏེ་ རྩིས་སྤྲོད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༥ ལུ་ ཐིམ་ཕུའི་ཁྲིམས་ཁྲི་༢ པ་ལས་ གྲོས་ཆོད་གནང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་དང་ ཁྲིམས་འདུན་༢ ཀྱིས་ ཨ་ལུ་དེ་ ག་ལུ་རྩིས་སྤྲོད་འབད་ཡོདཔ་ཨིན་ན་དང་ ག་ཏེ་ཡོད་ག་ ཁོང་ར་གིས་ཤེས་ནི་མ་གཏོགས་ ང་ལུ་ རྩིས་སྤྲོད་མ་འབད་ནི་དེ་གིས་ མི་ཤེས་ཟེར་ཨིན་པས།
ཨིན་རུང་ ཨམ་སྲུ་དང་ཨ་ལུའི་གཅེས་སྐྱོང་ལྟེ་བའི་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུ་དེ་ ནམ་དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་ན་དང་ ནམ་དེ་ནང་ལས་བཏང་ཡོདཔ་ཨིན་ནའི་ ཁ་གསལ་ལུ་ ཐོབ་སྟེ་ཡོད་རུང་ བུཚ་དེ་ ག་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་ནའི་ ཡིག་ཆ་དེ་ ཐོབ་མ་ཚུགས་ཟེར་ཨིན་པས།
བུཚ་དེ་གི་ཨའི་ བསོད་ནམས་སྒྲོལ་མའི་ ནུམོ་གི་རྨགཔ་ སྐྱེས་ལོ་༤༠ ལང་མི་ སྒོམ་ཆེན་དེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིནམ་ཨ་རྟག་ར་ ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ འགྱོ་ལྟ་རུང་ ཡིག་ཆ་འཚོལ་བའི་བསྒང་ཡོད་ཟེར་ སླབ་སྟེ་འོངམ་ད་ ཁོ་ལུ་ འབད་ཐབས་ཅིག་ ག་ཅི་ཡང་ མི་འབྱུང་ནི་མས་ཟེར་ཨིན་པས།
མ་གཞི་ ཁྲིམས་སྲུང་འགག་པའི་ སྡེ་འཛིན་གྱིས་ བཤད་མི་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པའི་ བཅའ་ཁྲིམས་དང་འཁྲིལཝ་ད་ མི་བྱང་སྟོང་ཤོར་མིའི་སྐོར་ལས་ གནད་དོན་དེ་ ཁྲིམས་སྲུང་འགག་པ་ལུ་ ཐོ་བཀོད་འབད་ནི་ མེད་ཟེར་ཨིན་པས།
དེ་འབདཝ་ད་ མི་བྱང་སྟོང་ཤོར་མི་དང་འབྲེལ་ཏེ་ བྱ་ངན་འབད་འབདཝ་རེ་ཡོད་པ་ཅིན་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཞིནམ་ལས་ གནད་དོན་དེ་ ཐོ་བཀོད་འབདཝ་ཨིན་ཟེར་ཨིན་པས།
དྲགོས་དཔལ་ལྡན་དབང་ཕྱུག་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༥ ཚུན་ ཁོང་མ་སྨད་༢ ཁོ་དང་གཅིག་ཁར་ སྡོད་པའི་ཁར་ བུཚ་དེ་ ལྕང་འབངས་འབྲུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༤ པའི་ནང་ དཔེ་ཆ་ལྷབ་བཅུག་པའི་སྐབས་ ཨ་ལུ་དེ་གིས་ ཁྱིམ་ནང་ལས་ ཨར་རྐུན་དང་ སྨྱོ་རྫས་ཚུ་ལག་ལེན་འཐབ་སྟེ་ སློབ་གྲྭ་ནང་ འགྱོ་མ་བཏུབ་པར་ མེདཔ་ཐལ་སོ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུའི་སྐོར་ལས་ ཞིབ་དཔྱད་འབད་བའི་སྐབས་ སྤྱི་ལོ་༢༠༠༥ ལུ་ ཨར་རྐུན་དང་ སྨྱོ་རྫས་སྤྱོད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ནུག་ཟེར་ཨིནམ་ད་ ཨིན་རུང་ དོ་དམ་ནང་ལས་ བཏོན་པའི་སྐབས་ ག་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་ནའི་ ཡིག་ཆ་ཚུ་ ཐོབ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ བུཚ་དེ་ འཚོལ་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་ཚུ་གིས་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོད་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

                                                                                        ཡེ་ཤེས་སྒྲོལ་མ།

No comments:

Post a Comment