གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་མི་ དགེ་སློང་༣ འཛིན་བཟུང་།

༦/༠༤/༢༠༡༣  ༉ རྒྱ་གར་གྱི་ས་གནས་ ཀ་ལིམ་པོང་གི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ འབྲུག་པའི་མི་ཁུངས་ཨིན་པའི་ དགེ་སློང་༣ སྐྱེས་ལོ་༡༤ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།


ཀ་ལིམ་པོང་ཁྲིམས་སྲུང་འགག་པའི་ཡིག་ཚང་གི་ ཞིབ་དཔྱད་འགོ་དཔོན་ ནཱའི་ནཱག་ ཀེ་ ཅའུ་ ད་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༢༡ ལས་༢༤ གི་བར་ན་འབད་མི་ དགེ་སློང་ཚུ་ ཉེ་འདབས་ལུ་ཡོད་མི་ གྲྭ་ཚང་ཅིག་ནང་ ནང་པའི་ཤེས་ཡོན་སྦྱང་མི་ཨིནམ་ད་ ཁོང་ཆ་ཁྱབ་ གྲྭ་ཚང་གི་ངོ་ཚབ་ཀྱིས་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
ཁོ་གིས་ བྱ་ངན་དེ་གི་སྐོར་ལས་ ཁྲིམས་འདུན་གྱི་ གཙོ་འཛིན་ལུ་ རྩོད་བཤེར་འབད་བར་ བཏང་ཡི་ཟེར་ཨིནམ་ད་ དགེ་སློང་ཚུ་གི་ ཕམ་ཚུ་ལུ་ཡང་ གནད་དོན་དེ་གི་སྐོར་ལས་ བརྡ་སླབ་ཡོདཔ་ད་ དགེ་སློང་ཚུ་གིས་ ཁོང་ཆ་ཁྱབ་ བསམ་གྲུབ་ལྗོངས་མཁར་ལས་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
ནཱའི་ནཱག་ ཀེ་ ཅའུ་ད་རི་གིས་ སླབ་མིའི་ནང་ དགེ་སློང་༣ ཆ་ར་ གླ་འཁོར་དེད་གཡོགཔ་གིས་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ཁོ་ར་ཡང་ དབང་བཙོང་ལུས་འབྲེལ་གྱི་བྱ་ངན་ནང་ འབྲེལ་གཏོགས་འབད་མི་ཅིག་ ཨིན་མས་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༩ གི་ཕྱི་རུ་ ཉམས་རྒུདཔ་བུམོ་དེ་ ཀ་ལིམ་པོང་ཁྲོམ་ཁར་ སྨན་ཉོ་བར་འོང་སྟེ་ ལོག་འགྱོ་བའི་སྐབས་ གླ་འཁོར་དེད་གཡོགཔ་དེ་གིས་ ཁོ་གི་གླ་འཁོར་ནང་ བཙུགས་འབག་པའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
རྒྱ་གར་གྱི་ བརྡ་བརྒྱུད་ནང་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༢༤ ལང་མི་ དེད་གཡོགཔ་དེ་གིས་ དགེ་སློང་༣ དང་གཅིག་ཁར་ བུམོ་དེ་ལུ་ མངར་ཆུ་ནང་ ཆང་སླ་བསྲེས་ཏེ་  བྱིན་པའི་ཤུལ་ལས་ དབང་བཙོང་ལུས་འབྲེལ་ འབད་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
ཉམས་རྒུདཔ་བུམོ་དེ་ ཀ་ལིམ་པོང་གི་ སྨན་ཁང་སྡེ་ཕྲན་ཅིག་ནང་ བསྐྱལ་ཡོདཔ་བཞིན་དུ་ ད་རེས་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉམས་རྒུདཔ་བུམོ་དེ་གིས་ གླ་འཁོར་དེད་གཡོགཔ་དེ་ ངོ་ཤེས་མི་ལུ་བརྟེན་ འབྲེལ་གཏོགས་ཡོད་མི་ཚུ་ག་ར་ འཛིན་བཟུང་འབད་ཚུགས་ཅི་ཟེར་ཨིན་པས།
ཞིབ་དཔྱད་འབད་མི་ འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྨན་ཁང་གི་ འགོ་དཔོན་ཚུ་གིས་ དབང་བཙོང་ལུས་འབྲེལ་འབད་ནུག་ཟེར་ སླབ་ཡོད་རུང་ ཡིག་ཐོག་ལུ་ ག་ནི་ཡང་ མ་ཐོབ་ཟེར་ཨིནམ་ད་ ཁོ་གིས་ བུམོ་དེ་ སྨན་ཁང་ནང་སྐྱེལ་བའི་སྐབས་ གནས་སྟངས་ལེགས་ཤོམ་འདུག་ཟེར་ཨིནམ་ད་ གསོ་བའི་སྙན་ཞུ་དེ་ཡང་ ཁྲིམས་སྲུང་འགག་པ་ལུ་ བྱིན་ཡི་ཟེར་ཨིན་པས།
སྨན་ཁང་གི་ གསོ་བའི་གཙོ་འཛིན་ ཌོག་ཊར་ ཌི་ བསོད་ནམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བརྟག་དཔྱད་འབད་དེ་ བུམོ་དེ་ གཏང་ནི་གི་ གྲ་སྒྲིག་ཡོད་རུང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་མཇུག་མ་བསྡུ་ཚུན་ བཞག་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ རྒྱ་གར་གྱི་བརྡ་བརྒྱུད་ནང་ དེད་གཡོགཔ་དང་ དགེ་སློང་༣ རྒྱ་གར་གཞུང་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༧༦(༢) (ཇ)པ་དང་འཁྲིལ་ ཉེས་འཛུགས་འབད་ཡོདཔ་ད་ ཉེས་ཁྲིམས་ལོ་ངོ་༡༠ དང་ ཡང་ཅིན་ དེ་བ་མཐོ་སུ་སྦེ་ ཕོག་འོང་ཟེར་ བཤད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment