གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགྲ་མེད་རྩེ་དང་ ན་རང་གི་བར་ན་ འཐུང་ཆུའི་རྩོད་རྙོགས་ལོག་ཐོན་ཡོདཔ།

༡༦/༠༤/༢༠༡༣  ཁ་ཙ་ དགྲ་མེད་རྩེའི་ མི་སེར་སྡེ་ཚན་ཅིག་གིས་ ཆུ་དུང་བཏོག་བཏང་མི་དེ་ ཁྲིམས་འགལ་ཨིནམ་སྦེ་ མོང་སྒར་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག།

༉ ཁ་ཙ་ མོང་སྒར་དགྲ་མེད་རྩེ་རྒེད་འོག་ སྦིས་མཁར་དང་ འུང་མཁར་གཡུས་ཚན་ལས་ མི་སེར་༢༦ དེ་ཅིག་གིས་ ཁོང་གི་འཐུང་ཆུ་མེདཔ་བཏང་མིའི་སྐོར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོད་མི་དེ་ཡང་ འདས་པའི་ཟླཝ་ནང་ མོང་སྒར་རྫོང་ཁག་ ན་རང་རྒེད་འོག་གི་ མི་སེར་དག་པ་ཅིག་གིས་ ཚུལ་མིན་གྱི་སྒོ་ལས་ ཆུ་དུང་བཏོག་བཏང་མི་ལུ་ ཁེ་རྒུད་མ་བཏུབ་མི་ལུ་བརྟེན་ཨིན་པས།

ཁ་ཙ་ དགྲ་མེད་རྩེ་རྒེད་འོག་ལས་ གླ་འཁོར་༣ བདའ་སྟེ་ མོང་སྒར་ཁྲིམས་སྲུང་འགག་པའི་ 
ཡིག་ཚང་ནང་ སྙན་ཞུ་འབད་བར་འོང་མི་ 
སྦིས་མཁར་དང་ འུང་མཁར་གྱི་ མི་སེར་ཚུ།

མ་གཞི་ ཆུ་དུང་ཚུ་ སྤྱི་ཟླ་༣ པའི་ཚེས་༡༨ ཀྱི་ཉིན་མར་ བཏོག་བཏང་པའི་ཤུལ་ལུ་ དགྲ་མེད་རྩེ་དང་ ན་རང་རྒེད་འོག་གཉིས་ཀྱི་ འགོ་ཁྲིདཔ་ཚུ་གིས་ ནང་འགྲིགས་བཟོ་སྟེ་ ན་རང་གི་ མི་སེར་ཚུ་གིས་ ཆུ་དུང་གསརཔ་བཙུགས་བཅུག་ཡོདཔ་ཨིན་པས།
ཨིན་རུང་ སྦིས་མཁར་དང་ འུང་མཁར་གྱི་ མི་སེར་ཚུ་གིས་ ཁོང་རའི་ གཡུས་ཚན་དེ་ནང་ ཁྱིམ་གུང་ལེ་ཤ་ཡོད་མི་ལུ་བརྟེན་ ཆུའི་དཀའ་ངལ་ཡོདཔ་ལས་ ན་རང་གི་ ཁྱིམ་གུང་༤ དེ་ཅིག་གིས་ འཐུང་དོ་ཡོད་མི་ ཆུ་རྐ་ལས་ ཆུ་བགོ་བཤའ་རྐྱབ་རུང་ མ་བཏུབ་མེད་རུང་ ཁོང་གིས་ ཆུ་དུང་ཚུ་ བཏོག་བཏང་མི་དེ་ ཁྲིམས་འགལ་གྱི་ ལཱ་ཅིག་དང་ གཞུང་ལུ་ ངོ་རྒོལ་འབད་དོ་བཟུམ་ཅིག་ཨིནམ་ལས་ ཁྲིམས་ཀྱི་ངོས་ལེན་གྱི་དོན་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་འབད་བར་ ཐབས་མེད་བྱུང་ཡི་ཟེར་ཨིན་པས།
དགྲ་མེད་རྩེ་ལས་ གླ་འཁོར་བོ་ལེ་རོ་༣ གླ་ཁར་ལེན་ཏེ་ བདའ་འོང་མི་ མི་སེར་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ ན་རང་གི་ མི་སེར་ཚུ་གིས་ ཆུ་དུང་ཚུ་ ལོག་མཐུད་ཡོད་རུང་ རྒེད་འོག་གི་ འགོ་ཁྲིདཔ་གིས་ཁྱིད་ཐོག་ དེ་བཟུམ་མའི་ བྱ་ངན་འབད་མི་དེ་ རྩ་ལས་ར་མ་བཏུབ་པའི་ ལཱ་ངན་ཅིག་ཨིན་ཟེར་ཨིནམ་ད་ རྒྱལ་ཁམས་ཀྱི་ རྒྱུ་དངོས་ཨིན་མི་ འཐུང་ཆུ་དེ་ སྐབས་ཅིག་གི་དོན་ལུ་མེན་པར་ བུ་གཞི་ཚུ་གི་དོན་ལུ་ཡང་ ཆུ་ཡོད་ས་ལས་ སྤྱོད་དགོཔ་ལས་ ད་ལྟོ་ ག་ཅི་ཡང་མེད་པར་ བཞག་པ་ཅིན་ ཤུལ་ལས་ བྱ་ངན་སྦོམ་འབད་ནི་གི་ ཉེན་ཁ་ཡང་ཡོད་ཟེར་ཨིན་པས།
དེ་མ་ཚད་ ནང་འགྲིགས་འབད་བའི་སྐབས་ལུ་ཡང་ རྒེད་འོག་༢ ཀྱི་ མི་སེར་ཚུ་ མ་འབོ་བར་ རྒེད་འོག་འགོ་ཁྲིདཔ་ཚུ་གིས་ ནང་འགྲིགས་འབད་ཡི་ཟེར་ སླབ་མ་གཏོགས་ ཁོང་ཆ་ཁྱབ་ འབྲེལ་གཏོགས་མ་འབད་མི་ལུ་བརྟེན་ ཤུལ་ལས་ བྱ་སྟབས་མ་བདེཝ་འཐོན་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ ད་རིས་ མོང་སྒར་ལུ་འོང་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབདཝ་ཨིན་ཟེར་ཨིན་པས།
དགྲ་མེད་རྩེའི་རྒཔོ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ རྩོད་རྙོགས་དེ་གི་སྐོར་ལས་ རྒེད་འོག་༢ ཀྱི་ འགོ་ཁྲིདཔ་ཚུ་གིས་ བར་ན་ལས་ བློ་སླབ་སྟེ་ ནང་འགྲིགས་བཟོ་ཡོད་མི་དེ་ལུ་ རྩ་ཕན་གཉིས་ཆ་རའི་ ཁ་ཐུག་ལས་ ངོས་ལེན་འབད་ཡོད་མི་དེ་ཡང་ ན་རང་གི་ མི་སེར་ཚུ་གིས་ ཆུ་དུང་མེདཔ་བཏང་མིའི་ཚབ་ལུ་ གསརཔ་ཉོ་སྟེ་ ཆུ་དུང་བཙུགས་ཡོདཔ་མ་ཚད་ དགྲ་མེད་རྩེའི་ མི་སེར་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་༣༠༠༠ སྤྲོད་ཅི་ཟེར་ཨིན་པས།
ན་རང་རྒཔོ་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ འཐུང་ཆུའི་རྐ་དེ་ ཆུང་ཀུ་ཅིག་ལས་མེདཔ་ལས་ དགྲ་མེད་རྩེའི་མི་སེར་ཚུ་དང་ བགོ་བཤའ་རྐྱབ་སྟེ་ སྤྱོད་པ་ཅིན་ མི་ལང་ནི་ཨིན་པའི་སྐོར་ལས་དང་ དེ་བཟུམ་གྱི་ སྟབས་མ་བདེཝ་མི་འཐོན་ནིའི་དོན་ལུ་ དགྲ་མེད་རྩེ་རྒེད་འོག་ལུ་ ཡིག་གུ་ལེ་ཤ་ཅིག་ར་ སྤྲོད་ཡོདཔ་མ་ཚད་ རྫོང་ཁག་ལུ་ཡང་ ཕུལ་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ མི་སེར་དང་ རྒེད་འོག་བདག་སྐྱོང་གི་ ཁ་ཐུག་ལས་ ཡི་གུ་ཚུ་ལུ་ ཆ་གནས་མ་འབད་བར་ ཐག་རང་བཅད་ཐོག་ལས་ ན་རང་གི་ ས་གོ་ནང་ལས་ ཆུ་བཏོན་འབག་མི་ལུ་བརྟེན་ ཁོང་གིས་ ཆུ་དུང་ཚུ་ བཏོག་བཏང་ནུག་ཟེར་ཨིནམ་ད་ རྫོང་ཁག་དང་ རྒེད་འོག་གི་ བཀའ་བཞིན་དུ་ ནང་འགྲིགས་འབད་དེ་ ཆུ་དུང་ཚུ་ གསརཔ་ཉོ་བྱིན་ཡོདཔ་མ་ཚད་ ལཱ་ཚུ་ཡང་ ན་རང་གི་ མི་སེར་གྱིས་ འབད་བའི་ཁར་ རྒུད་འཐུས་ཡང་སྤྲོད་དེ་ དགྲ་མེད་རྩེའི་ མི་སེར་ཚུ་གིས་ ག་སླབ་མི་ལུ་ ཉན་སྡོད་ཅི་ཟེར་ཨིན་པས།
དེ་འབདཝ་ད་ དགྲ་མེད་རྩེ་རྒེད་འོག་གི་ མི་སེར་ཚུ་གིས་ ཁེ་རྒུད་མ་བཏུབ་ཟེར་ མོང་སྒར་གྱི་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ སྙན་ཞུ་འབད་ཡོདཔ་ལས་ ཕྱོགས་༢ ཆ་རའི་ཁ་ཐུག་ལས་ བདེན་ཁུངས་བཟང་དགོཔ་འོང་ཟེར་ ན་རང་གི་ རྒཔོ་གིས་ སླབ་ཨིན་པས།
གླ་འཁོར་གྱི་ གླ་འཐུས་དངུལ་ཀྲམ་༧༠༠ རེ་སྤྲོད་དེ་ མོང་སྒར་ལུ་ སྙན་ཞུ་འབད་བར་འོང་མི་ དགྲ་མེད་རྩེའི་ མི་སེར་ཚུ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་གི་སྐོར་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལུ་ ཁོང་ཆ་ཁྱབ་ འབོ་འོང་ཟེར་ སླབ་དེས་ཟེར་ཨིན་པའི་གནས་ཚུལ།

                                                                        མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment