གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་ཁ་ལུ་ རླུང་འཚུབས་ཀྱིས་ ཁྱིམ་༢༡ གི་ཐོག་ཆ་ཚུ་ འཕྱགས་བདའ་ཡོདཔ།

རླུང་འཚུབས་ཀྱིས་ ཐོག་ཆ་འཕྱགས་བདའ་མི་ སྒྲིང་ཁྱིམ་ཅིག།
༡༦/༠༤/༢༠༡༣  ༉ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༩ དེ་ཅིག་ཁར་ སྤུ་ན་ཁ་ལུ་ རླུང་འཚུབས་འཕུ་མི་ལུ་བརྟེན་ ལྷ་ཁང་དགོན་སྡེའི་ གྲྭ་ཤག་དང་ཐབ་ཚང་ རྒཔོ་གི་ཡིག་ཚང་ སློབ་གྲྭའི་སློབ་ཁང་ དེ་ལས་ སྒེར་གྱི་ཁྱིམ་ཚུ་རྩིསཝ་ད་ བསྡོམས་ཀྱིས་ཁྱིམ་༢༡ གི་ ཐོག་ཆ་ཚུ་ འཕྱགས་བདའ་ཡོདཔ་ཨིན་པས།


དགོན་སྡེ་ཚུ་གི་ནང་ལས་ རྟ་ལོག་དགོན་པའི་ གྲྭ་ཤག་གི་ཁང་ཚན་༢ དང་ སློབ་དཔོན་གྱི་གཟིམ་ཅུང་ དེ་ལས་ ཐབ་ཚང་གི་ཐོག་ཆ་ཚུ་ འཕྱགས་བདའ་ཡོདཔ་ད་ དེ་ཡང་ ཆ་མཉམ་ར་ དུས་ཅི་ སྤྱི་ཟླ་༢ པའི་ནང་ གསར་བསྒྲུབས་འབད་མི་ཚུ་ཨིན་པས།
ལྷ་ཁང་གི་གྲས་ལས་འབད་བ་ཅིན་ རྟ་ལོག་རྒེད་འོག་ ལབ་རྩ་ཁ་ལྷང་ཁང་གི་ བླ་མའི་གཟིམ་ཅུང་དང་ ཐབ་ཚང་ དེ་ལས་ ལྕགས་རི་གི་ ཐོག་ཆ་ཚུ་ ཆ་མཉམ་ར་ མེདཔ་བཏང་ཡོདཔ་ད་ རྒཔོ་ཀུན་ལེགས་ཀྱིས་ སླབ་མིའི་ནང་ ལབ་རྩ་ཁ་ལྷ་ཁང་གི་ བླ་མའི་གཟིམ་ཅུང་གི་ ཉམས་གསོའི་ལཱ་དེ་ ན་ཧིང་ མཇུག་བསྡུཝ་ཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྟ་ལོག་དགོན་པའི་ གྲྭ་ཤག་དང་ སློབ་དཔོན་གྱི་སྡོད་ཁྱིམ་ དེ་ལས་ ཐབ་ཚང་གི་ལྕགས་ཤོག་ཚུ་ ལབ་རྩ་ཁ་བཟུམ་སྦེ་ ཤུགས་སྦེ་ར་ མེདཔ་བཏང་ཡོདཔ་ལས་ ལོག་བཀབ་མི་བཏུབ་ནི་མས་ཟེར་ཨིནམ་ད་ ད་ལྟོ་ བཤད་གྲྭའི་དགེ་སློང་ཚུ་ཡང་ གནས་སྐབས་ཅིག་གི་དོན་ལུ་ དགོན་པའི་ལྷ་ཁང་ནང་ སྡོད་དོ་ཡོདཔ་ཨིན་པས།
དེ་ལས་ སྟོད་པའི་རྒེད་འོག་ འཕྲིན་ལས་སྒང་ལྷ་ཁང་གི་ གྲྭ་ཤག་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ གཟིམ་ཅུང་གསརཔ་དང་རྙིངམ་ ལྷ་ཁང་དང་གཅིག་ཁར་ མཐུད་དེ་ཡོད་མི་ བཞེས་ཁང་གི་ཐོག་ཆ་ དེ་ལས་ སྒེར་གྱི་ཁྱིམ་༣ གྱི་ ཐོག་ཆ་ཚུ་མེདཔ་བཏང་ཡོདཔ་ཨིན་པས།
འཛོམས་མི་རྒེད་འོག་ནང་འབད་བ་ཅིན་ རྒེད་འོག་བདག་སྐྱོང་ཡིག་ཚང་དང་ མན་མདའ་སྒང་ལྷ་ཁང་གི་ཐབ་ཚང་ མན་མདའ་སྒང་མི་སྡེ་སློབ་གྲྭ་ཆུང་བའི་ སློབ་ཁང་༢ ཀྱི་ཐོག་ཆ་ དེ་ལས་ སྒེར་གྱི་སྒྲིང་ཁྱིམ་ཅིག་གི་ཐོག་ཆ་ཚུ་ འཕྱགས་བདའ་ཡོདཔ་ཨིན་པས།
སྒྲིང་ཁྱིམ་གྱི་ ཇོ་བདག་ནོར་བུ་ཚེ་རིང་གིས་ སླབ་མིའི་ནང་ རླུང་འཚུབས་འཕུ་བའི་སྐབས་ ས་ཡོམ་རྐྱབ་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ཨིནམ་ད་ དེའི་ཤུལ་ལས་ ཕྱི་ཁར་ཐོན་ལྟ་བའི་བསྒང་ལས་ ཁྱིམ་གྱི་ཐོག་ཆ་ཚུ་ག་ར་ ས་ཁར་བུད་ཡོདཔ་མ་ཚད་ སྒྲིང་ཁྱིམ་གྱི་གྱང་ཚུ་ལུ་ཡང་ གག་འགྲམ་དུམ་གྲ་རེ་ བྱུང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྐྱེན་ངན་དེ་གི་སྐོར་ལས་ འབྲུག་ཉེན་བཅོལ་ལས་འཛིན་ལུ་ སྙན་ཞུ་འབད་བའི་སྐབས་ ཐོག་ཆ་ལོག་བཀབ་ནིའི་གནང་བ་ཐོབ་ཡོདཔ་ལས་ ཁྱིམ་ཐོག་བཀབ་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ལྕགས་ཤོག་རྙིངམ་ཚུ་ ལོག་བཀབ་མི་བཏུབ་ནི་ཨིནམ་ལས་ འཕྲལ་མགྱོགས་ར་ ཐིམ་ཕུ་ལུ་ ལྕགས་ཤོག་ཉོ་བར་ འགྱོ་ནི་ཟེར་ཨིན་པས།
དེ་ལས་ གླིང་མུ་རྒེད་འོག་ནང་འབད་བ་ཅིན་ རང་ལུགས་ཀྱི་ ཁྱིམ་༢ ཀྱི་ཐོག་ཆ་ཚུ་ མེདཔ་བཏང་ཡོདཔ་ད རྐྱེང་ངན་ཞིབ་དཔྱད་འབད་མི་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྱིམ་༢༡ གི་ཐོག་ཆ་ཚུ་ག་ར་ ལྕགས་ཤོག་བཀབ་ནུག་ཟེར་ཨིན་པས།
རྐྱེན་ངན་བྱུང་བའི་ཤུལ་ལས་ རྫོང་ཁག་བདག་སྐྱོང་ལས་ འཐུས་མི་སྡེ་ཚན་ཅིག་གིས་ རྐྱེན་ངན་བརྟག་དཔྱད་འབད་མི་དང་འབྲེལ་ རྟ་ལོག་དགོན་པ་ལུ་ ལྷ་ཁང་དང་དགོན་སྡེའི་ གྲྭ་ཤག་དང་ ཐབ་ཚང་གི་དོན་ལུ་ ཆུ་ཤོག་ཏིར་པཱལ་༡༡ དང་ ལབ་རྩ་ཁ་ལྷ་ཁང་ལུ་༨ དེ་ལས་ འཛོམས་མི་རྒེད་འོག་ལྟེ་བའི་དོན་ལུ་ ཏིར་པཱལ་༦ བཀྲམ་སྤེལ་འབད་ཡོདཔ་ད་ རྐྱེན་ངན་འཛིན་སྐྱོང་འགོ་ཁྲིདཔ་ ཚེ་དབང་ཕུན་ཚོགས་ཀྱིས་སླབ་མིའི་ནང་ ད་ལྟོ་ གློ་བུར་གྱི་དོན་ལུ་ ཏིར་པཱལ་ཚུ་ བྱིན་ཡོདཔ་ཨིན་རུང་ ད་ལས་ཕར་ ག་ཅི་འབད་དགོཔ་ཨིན་ན་ གནོད་སྐྱོན་བྱུང་མི་ཚུ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་ཐོག་ལས་ གྲོགས་རམ་འབད་ནི་གི་ ཐབས་ཤེས་བཏོན་ནི་ཟེར་ཨིན་པས།
ཏིར་པཱལ་བྱིན་མི་དེ་ གལ་སྲིད་ཆརཔ་རྐྱབ་པ་ཅིན་ བཀབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནོད་སྐྱོན་གྱི་སྐོར་ལས་ དབྱེ་ཞིབ་འབད་བའི་བསྒང་ཡོདཔ་ལས་ གནས་སྡུད་ཡོངས་རྫོགས་སྦེ་ ད་རིས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལུ་ ཕུལ་ནི་ཨིན་ཟེར་ཨིན་པས།
ཁུ་རུ་ཐང་ལུ་ཡོད་པའི་ འབྲུག་ཉེན་བཅོལ་ལས་འཛིན་གྱི་ འཛིན་སྐྱོང་པ་ གནས་བརྟན་ཤེས་རབ་ཀྱིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ རྐྱེན་ངན་གྱི་སྐོར་ལས་ སྙན་ཞུ་འབད་མི་ འཛོམས་མི་རྒེད་འོག་ནང་ སྒྲིང་ཁྱིམ་༡ གི་ ཇོ་བདག་གིས་མ་གཏོགས་ གཞན་ག་ཡང་མ་ལྷོད་ཟེར་ཨིནམ་ད་ དེའི་དོན་ལུ་ ཞིབ་དཔྱད་འབད་མི་སྙན་ཞུ་དེ་ ཐིམ་ཕུ་ལུ་གཏང་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

                                                                      སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment