གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

“ད་ཚུན་གྱི་བར་ན་ དྲགོས་ཚེ་དབང་རིག་འཛིན་ལུ་ རེ་བ་བསྐྱེད་དེ་སྡོད་ཅི།”

༡༥/༤/༢༠༡༣   འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་བ་ཚུ་ བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ལས་ འདེམས་ངོ་ལྕོགས་གྲུབ་ཅན་ མི་འཐོབ་ཨིན་པའི་ ཚ་གྱང་ལང་ཡོདཔ།
༉ འདས་པའི་བདུན་ཕྲག་ནང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ ཁོ་ར་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་གི་ བློ་འདོད་མེད་པའི་སྐོར་ ནན་བསྐྱར་དུ་ མི་མང་ལུ་ གསལ་བསྒྲགས་འབད་བའི་ཤུལ་ལས་ བཀྲིས་སྒང་འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ལུ་ ཚ་གྱང་ལང་དགོཔ་ བྱུང་ཡོདཔ་ཨིན་པས།
དྲགོས་ཚེ་དབང་རིག་འཛིན།


ཚོགས་པའི་རྒྱབ་སྐྱོར་བ་ཚུ་གིས་ བཀང་ལུང་–བསམ་མཁར་འདེམས་ཁོངས་ཀྱི་དོན་ལུ་ ལྕོགས་གྲུབ་ཅན་གྱི་ ཤུལ་འཛིན་པ་ཅིག་ ག་དེ་སྦེ་ འཐོབ་ཚུགས་འོང་ག་ཟེར་ ཚ་གྱང་ཡོད་ལུགས་སྐོར་ ཐིམ་ཕུ་ལུ་ཡོད་མི་ འབྲུག་ཕུན་སུམ་ཚོགས་པའི་ ཡིག་ཚང་ལྟེ་བ་ལུ་ ཡི་གུ་ཅིག་ བྲིས་དོ་ཡོདཔ་ཨིན་པས།
འདེམས་ཁོངས་དེ་གི་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ ད་ལྟོ་ སྤྱི་ཚོགས་ཀྱི་ གོ་གནས་ཐོག་ལུ་ཡོད་མི་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དེ་ གལ་སྲིད་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ ཉེས་འཛུགས་ལུ་བརྟེན་ ཁྲིམས་འདུན་ལས་ སྲིད་དོན་ནང་ འཛུལ་ཞུགས་ཀྱི་ ཉོགས་མེད་ཡི་གུ་ མ་གནང་པ་ཅིན་ ཁོ་གི་ཚབ་མའམ་ ཤུལ་འཛིན་མི་ དྲགོས་ཚེ་དབང་རིག་འཛིན་ ཁོང་གི་ འདེམས་ངོ་སྦེ་ འཐོན་ནི་གི་ རེ་བ་བསྐྱེད་སྡོད་ཡོདཔ་ཨིན་པས།
མ་གཞི་ ང་བཅས་ཀྱིས་ ནང་སྲིད་བློན་པོ་ལུ་ རྒྱབ་སྐྱོར་འབདཝ་ཨིན་རུང་ གལ་སྲིད་ བློན་པོ་འབྲེལ་གཏོགས་འབད་མ་ཚུགས་པ་ཅིན་ འདེམས་ངོ་ཚབ་མ་ཅིག་ གྲ་སྒྲིག་བཞག་དགོཔ་ གལ་ཆེ་ཟེར་མནོ་སྟེ་ཨིན་ཟེར་ བསམ་མཁར་རྒེད་འོག་ལས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་བ་ཅིག་གིས་ སླབ་ཨིན་པས།
ང་བཅས་ཀྱིས་ དྲགོས་ཚེ་དབང་རིག་འཛིན་ལུ་ བློ་གཏད་དེ་ སྡོད་མི་དེ་ཡང་ ཁོ་ ཚོགས་པའི་འདེམས་ངོ་སྦེ་ འབྲེལ་གཏོགས་གནང་པ་ཅིན་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་རྐྱངམ་གཅིག་གིས་མ་དོ་བར་ རྒེད་འོག་གཞན་ཚུ་ལས་ རྒྱབ་སྐྱོར་ལེགས་ཤོམ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་འབདཝ་ད་ དྲགོས་ཀྱིས་ སྲིད་དོན་ནང་ འཛུལ་ནི་གི་ བློ་འདོད་མེད་ལུགས་ སླབ་པའི་ཤུལ་ལུ་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ལུ་ ཚ་གྱང་ལང་དགོཔ་ བྱུང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
བདུན་ཕྲག་ཧེ་མའི་ རེས་གཟའ་སྤེན་པའི་ཕྱི་རུ་ དྲགོས་ཚེ་དབང་རིག་འཛིན་གྱིས་ ཀུན་གསལ་ལུ་ བརྒྱུད་འཕྲིན་ཐོག་ལས་ སླབ་མིའི་ནང་ ད་ལྟོ་ ཁོ་ར་ སྤྱི་ཚོགས་ཀྱི་ བཙག་འཐུའི་ནང་ དོ་འགྲན་འབད་ནི་དང་ ཡང་ཅིན་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་གི་ སྤྲོ་བ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་དོན་པ་སྦེ་ འཛུལ་ཞུགས་འབད་བ་ཅིན་ ཁོ་རའི་ ཁ་ཐུག་ལས་ རྒྱལ་ཁབ་ཀྱི་ གོང་འཕེལ་ལུ་ ག་དེ་སྦེ་ ལྷན་ཐབས་འབད་ཚུགས་འོང་ག་དོགས་པ་ཡོད་ཟེར་ཨིན་པས།
ཁོ་རའི་ ཤེས་ཡོན་རྒྱབ་ཁུངས་ འཕྲུལ་རིགཔ་ཨིནམ་མ་ཚད་ གཞུང་ལུ་ འབབ་ཁུངས་འབོར་ཆེ་ཏོག་ཏོ་སྦེ་བཟོ་མི་ གློག་མེ་སྡེ་ཚན་ནང་ ཕྱག་ཞུ་ཐོག་ལས་ ཁོ་གིས་ རྒྱལ་ཁབ་ཀྱི་ གོང་འཕེལ་ལུ་ ཅི་དྲག་གང་དྲག་སྦེ་ ལྷན་ཐབས་འབད་དོ་ཡོདཔ་མ་ཚད་ ཁོ་རའི་ལཱ་གཡོག་ལུ་ ངལ་རངས་བྱུང་སྟེ་ཡོདཔ་ལས་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་དེ་ དུས་ཚོད་ད་ལྟོ་ འོས་ལྡན་མེནམ་སྦེ་ ཚོར་སྣང་བྱུངམ་མས་ཟེར་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་ཡོདཔ་ཨིན།
ན་ཧིང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁོ་ལུ་ ཚོགས་པ་དེ་ནང་ འཛུལ་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ དུས་ཅི་ འབྲུག་ཕུན་སུམ་ཚོགས་པ་གིས་ཡང་ ཁོང་གི་འདེམས་ངོ་སྦེ་ འཛུལ་ཞུགས་འབད་དགོཔ་སྦེ་ སླབ་ཡོདཔ་ད་ སྲིད་ཚོགས་གཉིས་ཆ་ར་ལུ་ འཛུལ་ནི་གི་ དང་འདོད་མེདཔ་སྦེ་ ཅོག་འཐདཔ་སྦེ་ར་ སླབ་ཅི་ཟེར་ དྲགོས་ཚེ་དབང་གིས་ སླབ་ཨིན་པས།
བཀྲིས་སྒང་ལས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་བ་གཞན་ཅིག་གིས་ སླབ་མིའི་ནང་ ཁོང་གི་ ཚ་གྱང་སྦོམ་ཤོས་ར་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཅིག་ ག་དེ་སྦེ་ འཚོལ་ཐོབ་ག་མནོ་སྟེ་ཨིནམ་ད་ གལ་སྲིད་ ད་ལྟོ་ གོ་གནས་ཁར་ཡོད་མི་ སྤྱི་ཚོགས་ཀྱི་ འཐུས་མི་དེ་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་མ་ཆོགཔ་ བཟོ་བ་ཅིན་ ང་བཅས་ཀྱི་ ཚོགས་པ་དེ་ གཞུང་སྐྱོང་དང་ ཡང་ཅིན་ ལྡོག་ཕྱོགས་སྦེ་ བཙག་འཐུ་འགྲུབ་མ་འགྲུབ་རུང་ ཤུལ་འཛིན་མི་ ལྕོགས་གྲུབ་ཅན་གྱི་འདེམས་ངོ་ཅིག་ ཧེ་མ་བཟུམ་སྦེ་ར་དགོཔ་འདི་ གལ་ཆེ་ཟེར་ སླབ་ཨིན་པས།
ཨིན་རུང་ ནང་སྲིད་བློན་པོ་དེ་ ད་རིས་ཀྱི་ བཙག་འཐུའི་ནང་ བཅའ་མར་གཏོགས་མ་ཚུགས་པ་ཅིན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སེམས་འགྱུར་ནི་གི རེ་བ་ཡོད་ཟེར་ བསམ་མཁར་ལས་ རྒྱབ་སྐྱོར་བ་ཚུ་གིས་ སླབ་ཨིན་པས།
ད་རུང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དེ་ཡང་ རྒྱལ་པོའི་ཞིང་གི་ རྩོད་དོན་ལུ་བརྟེན་ སྲིད་དོན་ནང་ འབྲེལ་གཏོགས་འབད་མ་ཆོགཔ་ བཟོ་བ་ཅིན་ ར་ལྡི་-སག་སྟེང་འདེམས་ཁོངས་ལས་ འདེམས་ངོ་གསརཔ་ཅིག་ འཚོལ་དགོཔ་འཐོན་ནི་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ནང་སྲིད་བློན་པོ་དང་ ཚོགས་དཔོན་༢ མ་རྩིས་བར་ སྤྱི་ལོ་༢༠༡༣ གྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་དོན་ལུ་ འདེམས་ངོ་༩ གསརཔ་ངོས་འཛིན་འབད་ཡོདཔ་ལས་ འཐུས་མི་བགྲེསཔ་ཚུ་ སྲིད་དོན་ནང་ འབྲེལ་གཏོགས་མི་འབད་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment