གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་པའི་གཙོ་འཛིན་ བཙག་འཐུ་འབད་ཡོདཔ།

༡༥/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༡༣ དང་༡༤ ལུ་ ཚོགས་པའི་ཡོངས་ཁྱབ་ཞལ་འཛོམས་ཐེངས་༢ པ་ འཚོགས་པའི་སྐབས་ རྫོང་ཁག་༢༠ ལས་ ཚོགས་པའི་རྒྱབ་སྐྱོར་འབད་མི་བསྡོམས་༢༥༨ ཡོད་ས་ལས་༢༣༨ ཀྱིས་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཏེ་ འབྲུག་སྤྱིར་དབང་ཚོགས་པའི་ ལི་ལི་དབང་ཕྱུག་དེ་ ཚོགས་པའི་གཙོ་འཛིན་སྦེ་ བཙག་འཐུ་འབདཝ་དང་གཅིག་ཁར་ གཙོ་འཛིན་འོག་མ་དང་ ཡོངས་ཁྱབ་དྲུང་ཆེན་ རྩིས་འཛིན་པ་ དེ་ལས་ ནང་འཁོད་རྩིས་ཞིབ་པ་ཚུ་ཡང་ བསྐོ་བཞག་འབད་ཡི།


ཚོགས་པ་གིས་ ལིང་དཔོན་བགྲེསཔ་ ཚེ་རིང་རྡོ་རྗེ་དེ་ གཙོ་འཛིན་འོག་མ་སྦེ་ བཙག་འཐུ་འབད་ཡོདཔ་ད་ དགོནམ་ཚེ་རིང་དེ་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ དཀོན་མཆོག་བཀྲིས་དེ་ དངུལ་གཉེར་དང་ རྩ་རྒས་རྡོ་རྗེ་དེ་ ནང་འཁོད་རྩིས་ཞིབ་པ་སྦེ་ བཙག་འཐུ་འབད་ཡོདཔ་ཨིན་པས།
ལི་ལི་དབང་ཕྱུག་གིས་ ཞལ་འཛོམས་ནང་འཛོམས་མི་ཚུ་ལུ་ འབྲུག་སྤྱིར་དབང་ཚོགས་པའི་ལྟ་བ་དང་ དམིགས་ཡུལ་ མི་སེར་ཚུ་གི་ མི་ཚེའི་གནས་སྟངས་ལུ་ ལེགས་བསྒྱུར་འབད་ནི་གི་ དམིགས་གཏད་ཡོདཔ་ད་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཞལ་འཛོམས་ནང་ འོང་མི་དེ་གིས་ བློ་གཏད་དང་ ཡིད་ཆེས་ཡོད་པའི་ རྟགས་མཚན་ཅིག་ཨིནམ་ལས དེ་གིས་ མི་སེར་ཚུ་གི་ རེ་འདོད་འགྲུབ་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་ཅི་ཟེར་ བཤདཔ་ཨིན་པས།
མོ་གིས་ བཤད་མིའི་ནང་ གཅིག་ཁར་འཛོམས་མི་དེ་ རྒྱལ་ཁབ་ཀྱི་ མ་འོངས་པའི་གནས་སྟངས་ ལེགས་ཤོམ་བཟོ་ནི་དང་ ཡར་དྲག་གཏང་ཚུགས་པའི་ རེ་བ་ངོ་མ་ཅིག་ཨིན་ཟེར་ཨིན་པས།
ལི་ལི་དབང་ཕྱུག་གིས་ མོ་ར་ འདས་པའི་གྲོས་འཛོམས་དང་ བརྡ་བརྒྱུད་ཚུ་ལུ་ བཤད་དོ་བཟུམ་སྦེ་ མོ་ར་ སྲིད་དོན་ཚོགས་པ་ནང་ འཛུལ་མི་དེ་ གཙོ་བོ་ར་ མོ་རའི་ ཁེ་ཕན་ལུ་དམིགས་ཏེ་མེན་པར་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ལྟ་སྟེ་ བཅའ་མར་གཏོགས་ཡོདཔ་ལས་ མོ་གིས་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཀྱི་ གཞུང་འབྲེལ་ཡིག་ཚང་ཚུ་དང་གཅིག་ཁར་ཡང་ ལཱ་འབད་ཡོདཔ་ལས་ རྒྱལ་ཁབ་ཀྱི་གནས་སྟངས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཟེར་ སླབ་ཨིན་པས།
མོ་གིས་ རྒྱལ་ཁབ་དང་ མི་སྡེ་ནང་གི་ དཀའ་ངལ་བསལ་ནི་དང་ ལེགས་བསྒྱུར་འབག་དགོ་པ་ཅིན་ དམངས་གཙོའི་རིང་ལུགས་ནང་ གོ་སྐབས་ལེན་ཏེ་ ཐབས་ཤེས་བཏོན་ཐོག་ལས་ ལཱ་འབད་ནི་དེ་ཨིན་ཟེར་བཤད་ཅི།
གཙོ་འཛིན་གྱིས་ བཤད་དོ་བཟུམ་སྦེ་ ཚོགས་པ་དེ་ ན་གཞོན་ཚུ་གིས་འཚོགས་མི་ སྲིད་ཚོགས་ཅིག་འབདཝ་ལས་ ཞལ་འཛོམས་ཀྱི་སྐབས་ལུ་ཡང་ མང་ཤོས་ར་ ན་གཞོན་ཚུ་འོང་སར་ མཐོངམ་ཨིན་རུང་ གཙོ་འཛིན་གྱིས་ ན་གཞོན་འཐུས་མི་ཚུ་ལུ་ ཚོགས་པ་གིས་ ལཱ་གཡོག་གི་གོ་སྐབས་བྱིནམ་ རྩ་ལས་མེན་ཟེར་ཨིནམ་ད་ འཐུས་མི་ལ་ལུ་ཅིག་ ཚོགས་པ་ནང་ ཁོང་ར་གིས་ དང་འདོད་བསྐྱེད་དེ་ འཛུལ་ཡོདཔ་བཞིན་དུ་ ལ་ལུ་ཅིག་ ཕམ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ འཛུལ་མི་ཡང་ ཡོད་ཟེར་ཨིན་པས།
དེ་དང་གཅིག་ཁར་ ཚོགས་པའི་སྒྲིག་ཡིག་དེ་ཡང་ ཆ་འཇོག་འབད་ཡོདཔ་ད་ ཁོང་གིས་ གྲོང་གསེབ་ཀྱི་ ཞི་བདེ་དང་ གོང་འཕེལ་ཚུ་ལུ་ གཞི་བཞག་སྟེ་ མཐའ་ཟུར་གྱི་མི་སྡེ་ཚུ་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟོ་སྟེ་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
ཞལ་འཛོམས་སྐབས་ལུ་ ཚོགས་པ་གིས་ དཔལ་འབྱོར་ནུས་ཤུགས་ཅན་བཟོ་ནི་དང་ གྲོང་གསེབ་གོང་འཕེལ་གཏང་ནི་ དེ་ལས་ མི་སྡེ་ནང་ མཐུན་འགྲིག་བཟོ་ནི་དང་ ཨམ་སྲུ་དབང་ཚད་ཅན་ བཟོ་ནི་གི་སྐོར་ལས་ གསལ་བཤད་འབད་ཡི།
གཙོ་འཛིན་གྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཨམ་སྲུའི་གྱངས་ཁ་དེ་ བརྒྱ་ཆ་༥༠ ལྷགཔ་ཅིག་ ཨམ་སྲུ་ཚུ་ཡོདཔ་ཨིན་རུང་ ཁོ་གི་དཀའ་ངལ་ཚུ་ བསལ་མ་ཚུགས་ནི་དེ་གིས་ བཅའ་མར་གཏོགས་ནི་གི་ གོ་སྐབས་ཐོབ་མ་ཚུགས་པར་ཡོདཔ་ལས་ ཚོགས་པ་གིས་ ལྕོགས་གྲུབ་ཅན་བཟོ་སྟེ་ ཡར་སེང་གཏང་ཐོག་ལས་ གོ་སྐབས་སྦོམ་བཟོ་ནིའི་ཐབས་ཤེས་བཏོན་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོགས་པ་གིས་ དོན་ཚན་ཁག་ཆེ་ཤོས་༡༢ ཡོད་མི་ཚུ་གི་སྐོར་ལས་ བཅའ་མར་གཏོགས་མི་ཚུ་ལུ་ གསལ་བཤད་འབད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment