གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༥/༤/༢༠༡༣   ཞི་གཡོགཔ་ཚུ་ལུ་ སེམས་ཤུགས་བསྐྱེད་དགོཔ།
༉ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྲིད་དོན་ནང་ འཛུལ་ནི་གི་ སྤྲོ་བ་བསྐྱེད་མི་ ཞི་གཡོགཔ་༥ ལུ་ ཡུན་རིང་སློབ་སྦྱོང་གི་དོན་ལུ་ ཟད་འགྲོ་བཏང་མི་ མ་དངུལ་དེ་ གཞུང་ལུ་ སོར་ཆུད་མ་འབད་བ་ཅིན་ དགོངས་ཞུ་འབད་མི་ཆོག་པའི་སྐོར་ འབྲེལ་ཡོད་ཞི་གཡོགཔ་ཚུ་ལུ་ བཀའ་རྒྱའི་ཡི་གུ་བཏོན་ཡོད་པའི་སྐོར་ བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་ལུ་ལྟ་སྟེ་ རྣམ་རྟོག་ལང་ཡི་ཟེར་ཞུ་ནི།


དེ་ཡང་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ འདས་པའི་རྒྱལ་ཡོངས་དུས་ཆེན་ཚུ་ནང་ ང་བཅས་རའི་ དམངས་གཙོའི་རིང་ལུགས་ མཐར་བཀལ་དགོ་པ་ཅིན་ ལྕོགས་གྲུབ་དང་ ཤེས་ཡོན་ཅན་ཚུ་ གདོང་ཁར་འཐོན་ཏེ་ སྲིད་དོན་ནང་ བཅའ་མར་གཏོགས་དགོཔ་སྦེ་ ཡང་ལས་ཡང་དུ་ གསུངས་གནང་མི་དང་ རྒྱབ་འགལ་འགྱོ་ནི་དེ་གིས་ཨིན་ཟེར་ཞུ་ནི།
གཞུང་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཡུན་རིང་གི་སློབ་སྦྱོང་ དཔེར་ན་ མཐོ་རིམ་གོང་མའི་ ཤེས་ཡོན་ལྷབ་ནི་དང་ མཁས་དབང་གི་ སྦྱོང་བརྡར་ཚུ་གི་དོན་ལུ་ བཏང་མི་དེ་ཡང་ ལོག་འོངམ་ད་ གཞུང་དང་ རྒྱལ་ཁབ་ མི་སེར་ལུ་ ངེས་པར་དུ་ ཕྱག་ཞུ་དགོཔ་བཞིན་དུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་དེ་ སྲིད་དོན་ནང་ འཛུལ་ཞུགས་འབད་མི་དེ་ཡང་ རྩ་བ་གསུམ་ལུ་ ཕྱག་ཕྱིད་ཞུ་ནི་དེ་ཨིནམ་ལས་ ཞི་གཡོག་ལྷན་ཚོགས་ཀྱིས་ བཀག་ཆ་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ རྩ་ལས་ར་ ཧ་གོ་མ་ཚུགས་ཟེར་ཞུ་ནི།
ད་རེས་ནངས་པ་ རྒྱལ་ཁབ་ནང་ ཤེས་ཡོན་ཅན་གྱི་ མི་རློབས་ཡར་འཕར་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་སྤྲོད་མ་ཚུགས་པའི་ དཀའ་ངལ་ཡོད་པའི་ ནམ་དུས་ལུ་ ཉམས་མྱོང་དང་ ཞི་གཡོག་ནང་ ལཱ་འབད་དེ་ ལོ་ལེ་ཤ་སོང་མི་ཚུ་ དགོངས་ཞུ་བཏང་ཐོག་ལས་ སྲིད་དོན་ནང་ འཛུལ་ཞུགས་འབད་བ་ཅིན་ ཞི་གཡོགཔ་གཞན་ཚུ་ཡང་ རིམ་པ་དང་འཁྲིལ་ སྡེ་རིམ་ཡར་སེང་འགྱོ་ནི་གི་ འོས་འབབ་སྦོམ་འདུག་ཟེར་ཞུ་ནི།
དུས་ཅི་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་བྱ་རིམ་ཚུ་ འགོ་འདྲེན་འཐབ་རན་མི་དང་བསྟུན་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ཐོན་མི་ ལེ་ཤ་ཅིག་ར་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ གསརཔ་ཚུ་ཨིན་པའི་ཁར་ སྲིད་དོན་ཚོགས་པ་ཚུ་ནང་ཡང་ ཉམས་མྱོང་མེད་པའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལཝ་ཅིག་ར་ཨིན་མི་ འདེམས་ངོ་མང་རབས་ཅིག་ ངོ་སྤྲོད་འབད་སར་ མཐོངམ་མས་ཟེར་ཞུ་ནི།
འདི་བཟུམའི་ གནས་སྟངས་ལུ་ལྟཝ་ད་ འབྲུག་རྒྱལ་ཁབ་ནང་ ལྕོགས་གྲུབ་ཅན་དང་ ཉམས་མྱོང་ཅན་གྱི་ མི་ལངམ་སྦེ་མེད་པའི་ གསལ་སྟོན་འབད་བའི་ཁར་ དམངས་གཙོའི་རིང་ལུགས་ཀྱི་ སྲོག་ཤིང་བཟུམ་ཨིན་མི་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་༢ པོ་དེ་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ ན་གཞོན་ཕོ་མོ་ཚུ་གི་དོན་ལུ་ རང་སོའི་ཚེ་གཡོག་འགོ་བཙུགས་ཀྱི་ གོ་སྐབས་བཟུམ་ཅིག་སྦེ་ དང་ལེན་འབདཝ་མས་ཟེར་ཞུ་ནི།འདི་འབདཝ་ལས་ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ རྩོམ་སྒྲིག་པའི་ སྣང་འཆར་ནང་ གསལ་བཀོད་འབད་དོ་བཟུམ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སློབ་སྦྱོང་དང་འབྲེལ་བའི་ ལམ་ལུགས་དང་ སྒྲིག་གཞི་ཚུ་ བསྒྱུར་བཅོས་མ་རྐྱབ་པར་ དེ་སྦེ་ བཞག་པ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ ཉམས་མྱོང་ཅན་གྱི་ འདེམས་ངོ་ཐོབ་ཚུགས་པར་ ལཱ་ཁག་འོང་ནི་དང་ སྲིད་དོན་པ་ སྒྲིང་སྒྲིང་མེད་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་དེ་ཡང་ ག་དེ་སྦེ་ རྩ་བརྟན་དང་ ཡར་དྲག་གཏང་ཚུགས་ག་ཟེར་ དོགས་སྣང་སྦོམ་ཡོད་ཟེར་ ཞུ་ནི་ཨིན།

ཚེ་རིང་དཔལ་འབྱོར། གླང་རྒྱུག་ཕར་ཁ། ཐིམ་ཕུ།

No comments:

Post a Comment