གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དང་འབྲེལ་བའི་འུར་བྱེལ།

རྩོམ་སྒྲིག་པའི་སྣང་འཆར།
༉ འབྲུག་གི་སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་རནམ་བཞིན་དུ་ སྲིད་དོན་ཚོགས་པ་ཚུ་གིས་ རྒྱལ་ཁབ་ཀྱི་ འདེམས་ཁོངས་༤༧ གྱི་ སྡོད་ཁྲིའི་དོན་ལུ་ འདེམས་ངོ་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་མ་ཚད་ སྲིད་ཚོགས་ལ་ལུ་ཅིག་ འོས་འབབ་ཅན་གྱི་ འདེམས་ངོ་མ་ཐོབ་པར་ ནང་དོག་སྟེ་ཡོད་པའི་ ལོ་རྒྱུས་ཡང་གོཝ་མས།


མ་གཞི་ སྲིད་དོན་ཚོགས་པ་གསརཔ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཀུན་མཉམ་པར་ཊི་ འབྲུག་སྤྱིར་དབང་ཚོགས་པ་༣ གྱིས་ འདེམས་ངོ་བརྒྱ་ཆ་༧༠ ལས་༨༠ གི་བར་ན་ གཏན་འཁེལ་སོང་ཡོད་པའི་ གསལ་བསྒྲགས་འབད་ཡོད་རུང་ ཉམས་མྱོང་ཅན་དང་ ལྕོགས་གྲུབ་ཅན་གྱི་ ཞི་གཡོགཔ་ཚུ་ སྲིད་དོན་ནང་ འཛུལ་ཞུགས་ཀྱི་དོན་ལུ་ གདོང་ཁར་འཐོན་ནི་མེད་མི་ལུ་ལྟཝ་ད་ སྲིད་ཚོགས་ཚུ་གིས་ འདེམས་ངོ་༤༧ ཚངམ་སྦེ་ ཐོབ་ཚུགས་ཚུགས་ལུ་ ལཱ་ཁག་འོང་ནི་བཟུམ་མཐོངམ་མས།
དེ་མ་ཚད་ འབྲུག་ཕུན་སུམ་ཚོགས་པའི་གཞུང་དེ་ རྩ་གྲོལ་གཏང་ནི་ལུ་ ཉིན་གྲངས་༨ ཡོདཔ་ལས་ གཞུང་ཧྲམ་བཏང་པའི་ཤུལ་ལུ་ ཚོགས་པ་དེ་ལུ་ ཤུལ་མའི་བཙག་འཐུའི་ནང་ ད་ལྟོ་ཡོད་མི་ འཐུས་མི་ཆ་མཉམ་ དོ་འགྲན་འབད་མི་འབད་ཀྱི་ ངེས་པ་མེདཔ་མ་ཚད་ མི་སེར་དམངས་གཙོའི་ཚོགས་པ་གིས་ཡང་ འདེམས་ངོ་ཡོངས་བསྡོམས་ག་དེམ་ཅིག་ཡོདཔ་ཨིན་ན་ གསལ་བསྒྲགས་མ་འབད་བར་ཡོདཔ་ཨིན།
གནས་སྟངས་དེ་ཚུ་ལུ་ལྟཝ་ད་ སྲིད་ཚོགས་༥ པོ་ཆ་ར་ལུ་ འདེམས་ངོ་ལངམ་སྦེ་མེདཔ་ལས་ བཙག་འཐུ་འགོ་འདྲེན་འཐབ་རན་མི་དང་བསྟུན་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་གསརཔ་ཚུ་ འདེམས་ངོ་སྦེ་ མ་བཙུགས་པར་ ཐབས་ལམ་གཞན་མི་འོང་ནི་མས་ཟེར་ སྲིད་ཚོགས་ལ་ལུ་ཅིག་གིས་ སླབ་ཨིན་མས།
འབྲུག་རྒྱལ་ཁམ་ཀྱི་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་འགོ་བཙུགས་པའི་ ནམ་དུས་ལུ་ ཞི་གཡོགཔ་ཚུ་གིས་ སྲིད་དོན་ནང་ འབྲེལ་གཏོགས་འབད་དགོཔ་འདི་ ག་ནི་བ་ གལ་ཆེ་ནི་ཨིན་རུང་ གལ་སྲིད་ བཙག་འཐུ་མ་འགྲུབ་པ་ཅིན་ རང་སོའི་ཉེན་སྲུང་ཅན་གྱི་ ཚེ་གཡོག་བྱང་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ད་ ཞི་གཡོགཔ་ལ་ལུ་ཅིག་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་གི་ རེ་བ་ཡོདཔ་ཨིན་རུང་ ཕྱི་རྒྱལ་ལུ་ ཡུན་རིང་གི་ སློབ་སྦྱོང་འབད་མི་ལུ་བརྟེན་ འགན་ལེན་ཡིག་ཆའི་གུ་ མིང་རྟགས་བཀོད་ཡོད་ནི་དེ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བཏང་མི་བཏུབ་དོ་ཡོདཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཞི་གཡོགཔ་༥ གིས་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ དགོངས་ཞུའི་ཡི་གུ་བཙུགས་ཡོད་རུང་ ཞི་གཡོག་ལྷན་ཚོགས་ཀྱིས་ ཡུན་རིང་གི་ སློབ་སྦྱོང་མ་འགྱོ་བའི་ཧེ་མར་ ལྷན་ཚོགས་དང་ གན་རྒྱ་བཟོ་མིའི་ ཁ་ཚིག་དང་འཁྲིལ་ སློབ་སྦྱོང་གི་ ཟད་འཐུས་ཚུ་ གཞུང་ལུ་ སོར་ཆུད་མ་འབད་བ་ཅིན་ དགོངས་ཞུ་འབད་ཐབས་མེད་ཟེར་ བཀའ་རྒྱ་བཏོན་མི་ལུ་བརྟེན་ དགོངས་ཞུ་འབད་ཐབས་མ་བྱུང་པས།
མ་གཞི་ སྦྱོང་བརྡར་འབད་ཞིནམ་ལས་ རྒྱལ་ཁབ་ནང་ ལོག་འོང་པའི་ཤུལ་ལུ་ ཁ་ཚིག་ནང་ གསལ་བཀོད་འབད་ཡོད་པའི་ ལོ་གྲངས་མ་ཚང་ཚུན་ཚོད་ ཞི་གཡོག་ནང་ ཕྱག་ཞུ་དགོཔ་ཨིན་རུང་ སྲིད་དོན་ནང་ འཛུལ་ཞུགས་འབད་མི་དེ་ཡང་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ནི་ཨིནམ་ལས་ དཀའ་ངལ་ཅིག་ མི་མཐོང་པས།
འདི་བཟུམ་བཀག་ཆ་འབད་བ་ཅིན་ ཞི་གཡོགཔ་ཚུ་ལས་ སྲིད་དོན་ནང་ འཛུལ་ཞུགས་འབད་མི་ རེ་གཉིས་མ་གཏོགས་ མི་འཐོན་ནི་ཨིནམ་ལས་ ཞི་གཡོག་གི་ ཁྲིམས་ཡིག་དང་ སྒྲིག་གཞི་ཚུ་ བསྐྱར་ཞིབ་ཐོག་ སྒོ་ཡངས་དྲགས་བཟོ་བ་ཅིན་ ཞི་གཡོགཔ་ཉམས་མྱོང་ཅན་ཚུ་གིས་ སྲིད་དོན་པ་སྦེ་ འཐོན་ནི་ལུ་ སྤྲོ་བ་བསྐྱེད་ནི་དང་ སྲིད་ཚོགས་ཚུ་གིས་ཡང་ འདེམས་ངོ་མ་ཐོབ་པའི་ དཀའ་ངལ་མི་འབྱུང་ཟེར་ ཞུ་ནི་ཨིན།

No comments:

Post a Comment