གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞིང་ལམ་ལས་ ཞིང་རྨོ་འཕྲུལ་པ་ཝར་ཊི་ལར་རྐྱངམ་གཅིག་ ཐལ་དོ་ཡོདཔ།

ཟམ་གྱི་གཞི་རྟེན་རྐྱབ་ཚར་ཡོདཔ་ལས་ ལྕགས་ཟམ་རྐྱབ་ནི་རྐྱངམ་གཅིག་ལུ་ སྒུགཔ་ཨིན་པས།
དབང་འདུས་སྒང་ལུ་ མང་སྡེ་ཆུ་གུ་ལས་ ཟམ་རྐྱབ་ནིའི་
དོན་ལུ་ བཟོ་སྐྲུན་འབད་ཚར་མི་ ཟམ་གྱི་གཞི་རྟེན།

༉ ཀྲོང་གསར་སྐོར་ཕུག་རྒེད་འོག་ནང་ ཞིང་ལམ་སེལ་ཏེ་ ལོ་ངོ་༦ དེ་ཅིག་ སོང་ཡོདཔ་ཨིན་རུང་ ཟམ་བསྒྲུབ་མ་ཚུགས་པར་ཡོད་མི་ལུ་བརྟེན་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་ དག་པ་ཅིག་མ་གཏོགས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མི་ཚུགས་དོ་ཡོདཔ་ཨིན་པས།



སྤྱི་ལོ་༢༠༠༩ ཚུན་ཚོད་ དབང་འདུས་སྒང་ལུ་ མང་སྡེ་ཆུ་གུ་ལས་ ཟམ་ཅིག་རྐྱབ་ཡོདཔ་ལས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགས་ཡོད་རུང་ ཆུ་རུད་ཀྱིས་ འཕྱགས་བདའ་ཞིནམ་ལས་ཚུར་ ཞིང་ལམ་དེ་ ལག་ལེན་མེད་པར་ ལུས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ ལུ་ གཞུང་ལམ་ལས་ སྐོར་ཕུག་རྒེད་འོག་ལུ་འགྱོ་སའི་ གྱེན་རྩ་བ་ དབང་འདུས་སྒང་ཚུན་ ཟུར་ལམ་ཅིག་ སེལ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༧ ལུ་ མང་སྡེ་ཆུ་ཕར་ལོགས་ལས་ ཉིམ་གཞོང་གཡུས་ཚན་ཚུན་ཚོད་ ཞིང་ལམ་སེལ་ཡོདཔ་ད་ གྱེན་རྩ་བ་ལས་ ཉིམ་གཞོང་རྒེད་འོག་ཚུན་ རྐང་སྟོང་སྦེ་འགྱོཝ་ད་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༡ ལུ་ ཞིང་ལམ་དེ་ འཕྲོ་མཐུད་དེ་ར་ རྒེད་འོག་ལྟེ་བ་ཚུན་ཚོད་ སེལ་མི་དེ་ སྤྱི་ལོ་༢༠༡༢ ལུ་ མཇུག་བསྡུ་ཡོདཔ་བཞིན་དུ་ ཉིམ་གཞོང་གཡུས་ཚན་ལས་ རྒེད་འོག་ལྟེ་བ་ཚུན་ཚོད་ ཞིང་ལམ་བདའ་སྟེ་ ལམ་འགྲུལ་འབདཝ་ད་ ད་རུང་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོར་དོ་ཡོདཔ་ད་ ཞིང་ལམ་དེ་ ཀི་ལོ་མི་ཊར་༢༠ ཡོདཔ་ཨིན་པས།
ད་རེས་ནངས་པ་ ཞིང་ལམ་བདའ་སྟེ་ གྲོང་མི་ཚུ་གི་ པ་ཝར་ཊི་ལར་༣ ལག་ལེན་འཐབ་དོ་ཡོད་མི་ལས་༢ མེདཔ་ཐལ་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ བློན་ཆེན་གྱིས་ པ་ཝར་ཊི་ལར་༡ རྒེད་འོག་ལྟེ་བ་ལུ་ གནང་ཡོདཔ་ཨིན་པས།
པ་ཝར་ཊི་ལར་དེ་ མི་སེར་ཚུ་གིས་ སྐྱེལ་འདྲེན་སྣུམ་འཁོར་སྦེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཇོ་བདག་གིས་ དབང་འདུས་སྒང་ལས་ རྒེད་འོག་ལྟེ་བ་ཚུན་ཚོད་ སྐྱེལ་འདྲེན་ཚར་རེ་ནང་ གླ་ཆ་དངུལ་ཀྲམ་༢,༠༠༠ རེ་ ལེན་དོ་ཡོདཔ་ཨིན་པས།
གྲོང་གསེབ་མི་སེར་ཚུ་གིས་ སླབ་མིའི་ནང་ ཞིང་ལམ་སེལ་ཚར་ཡོད་རུང་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོད་མི་ལུ་ སེམས་ཕམ་བྱུང་སྟེ་ ཡོད་ཟེར་ཨིནམ་ད་ ཁོང་མི་སེར་ཚུ་ ཟམ་ནམ་བསྒྲུབ་འོང་ག་ཟེར་ རེ་འདོད་སྦོམ་བསྐྱེད་ཐོག་ལས་ བསྒུག་དོ་ཟེར་ཨིན་པས།
མནའ་སྦིས་གཡུས་ཚན་ལས་ སྐྱེས་ལོ་༤༩ ལང་མི་ འཆི་མེད་རིག་འཛིན་གྱིས་འབད་བ་ཅིན་ ཟམ་རྐྱབ་ཚར་ཞིནམ་ལས་ མི་སེར་ལ་ལུ་གིས་ སྣུམ་འཁོར་ཉོ་འདྲེན་འབད་ནི་དང་ སོ་ནམ་གྱི་ལཱ་ཚུ་ཡང་ རྒྱ་བསྐྱེད་གཏང་ནི་གི་ འོས་འབབ་ཡོད་ཟེར་ཨིནམ་ད་ ཞིང་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ནི་ འགོ་བཙུགས་པའི་བསྒང་ལས་ ཀེ་བ་དང་ གེ་ཟའི་སོན་ཚུ་ ཉོ་ཐོག་ལས་མངམ་སྦེ་ འཛུགས་སྐྱོང་འབད་ཚུགས་ནི་དང་ ཐོན་སྐྱེད་ཚུ་ སྐྱེལ་འདྲེན་འབད་དེ་ ས་གནས་གཞན་ཁར་ བཙོང་ཚུགས་ཟེར་ བཤད་པའི་ཁར་ རྒེད་འོག་དེ་ནང་ ལོ་རེ་ལུ་ ལོ་ཐོག་ཚར་གཉིས་རེ་ འཚོཝ་ཨིན་ཟེར་ སླབ་ཨིན་པས།
དབང་འདུས་སྒང་ལས་ སོ་ནམ་པ་ཚུ་ ཞིང་ལམ་བདའ་སྟེ་ 
སྐོར་ཕུག་རྒེད་འོག་ནང་ རྐང་སྟོང་སྦེ་ འགྱོ་བའི་བསྒང་།

ད་རུང་ སྐོར་ཕུག་ལས་ སྐྱེས་ལོ་༣༩ ལང་མི་ ཀརྨ་གིས་ སླབ་མིའི་ནང་ དབང་འདུས་སྒང་ལས་ རྒེད་འོག་ལྟེ་བ་ཚུན་ཚོད་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་ཚུགས་ནི་ཨིནམ་ལས་ རྒེད་འོག་ལྟེ་བ་ལས་ ཁོ་གི་གཡུས་ཁར་ཚུན་ གྱེན་ལམ་བདའ་སྟེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ལས་ལྷག་ ལམ་འགྱོ་མ་དགོ་པའི་ ཕན་ཐབས་འབྱུང་འོང་ཟེར་ཨིནམ་ད་ ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ དབང་འདུས་སྒང་ལས་ ཁོ་གི་ གཡུས་ཚན་ཚུད་ དུས་ཡུན་ཆུ་ཚོད་༦ ལྷགཔ་ཅིག་ ལམ་འགྲུལ་འབད་དགོཔ་ཨིན་པས།
ཁ་ཙ་ སྤྲིངས་ཟམ་མམ་ ལྕགས་ཟམ་གྱི་ གཞི་རྟེན་རྐྱབ་ཚར་ཏེ་ རྫོང་ཁག་ལུ་ རྩིས་སྤྲོད་ཡོདཔ་ད་ མང་སྡེ་ཆུ་གུ་ལས་ རིང་ཚད་མི་ཊར་༡༠༧ དང་ མཐོ་ཚད་མི་ཊར་༡༥ འབད་མི་ཟམ་དེ་གིས་ དབང་འདུས་སྒང་དང་ སྐོར་ཕུག་སྦྲེལ་མཐུད་འབད་བའི་བསྒང་ལས་ སྣུམ་འཁོར་འགྲོ་འགྲུལ་ འབད་ཚུགས་ནི་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་འབད་ནི་དེ་ ཇའི་ཀ་ཌའི་ནི་པཱོན་བཟོ་སྐྲུན་ལས་སྡེའི་ གྲོགས་རམ་ཐོག་ལུ་ སྤྱི་ལོ་༢༠༡༢ ཟླཝ་༤ པའི་ནང་ འགོ་བཙུགས་ཡོདཔ་ད་ རྫོང་ཁག་གིས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ ཟམ་གྱི་གཞི་རྟེན་ རྐྱབ་ཚར་ཞིནམ་ལས་ ལྕགས་ཟམ་དེ་ཡང་ རྐྱབ་ཚུགས་མི་ཚུགས་ཀྱི་སྐོར་ གྲོས་བསྡུར་འབད་ནི་ཨིནམ་ད་ གལ་སྲིད་ ལས་འཛིན་གྱིས་འབད་མ་ཚུགས་པ་ཅིན་ བཟོ་སྐྲུན་ལས་སྡེ་གཞན་ཅིག་ལུ་ རིན་བསྡུར་ཐོག་ལས་ སྤྲོད་འོང་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ ཟམ་དེ་ གནམ་བྱཱར་གྱི་སྐབས་ལུ་ གཙང་ཆུ་བྲེས་མི་ལུ་བརྟེན་ སྤྱི་ཟླ་༩ པའི་ནང་མ་གཏོགས་ བཟོ་སྐྲུན་འགོབཙུགས་མི་ཚུགས་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤད་པའི་ཁར་ གལ་སྲིད་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ ཟམ་རྐྱབ་ནིའི་ ཁག་འབག་ལེན་པ་ཅིན་ བཟོ་སྐྲུན་གྱི་ལཱ་དེ་ དེ་འཕྲོ་ལས་ འགོ་བཙུགས་ནི་ཨིནམ་ལས་ སྤྱི་ཟླ་༦ པའི་ནང་ བསྒྲུབ་ཚུགས་ཟེར་ སླབ་ཨིན་པའི་གནས་ཚུལ།




No comments:

Post a Comment