གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལུ་ སྤྱིར་བཏང་གྲོས་འཛོམས་ མཇུག་བསྡུ་ཡོདཔ།

༡༧/༤/༢༠༡༣   ༉ ཁ་ཙ་ བསམ་རྩེ་རྫོང་ཁག་ རྟ་སྡིང་རྒེད་འོག་ལྟེ་བའི་ནང་སྦེ་ སྤྱིར་བཏང་གྲོས་འཛོམས་མཇུག་ འགོ་འདྲེན་འཐབ་པའི་སྐབས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ སྤྱི་ཟླ་༤ པའི་ཚེས་༥ ལས་འགོ་བཙུགས་མི་ སྤྱིར་བཏང་གྲོས་འཛོམས་དེ་ གྲུབ་འབྲས་ཅན་ཅིག་སྦེ་ འགོ་འདྲེན་འཐབ་ཚུགས་མི་ལུ་བརྟེན་ ངལ་རངས་བྱུང་ཡོདཔ་ཨིན་པས།

བཙག་འཐུ་ནང་ རྒྱལ་ཁ་ག་གིས་འཐོབ་རུང་ ད་ལྟོ་ ལགཔ་གཅིག་ཁར་མཐུད་དེ་སྡོད་མི་ བསམ་རྩེའི་འདེམས་ངོ་ཚུ།

དེ་གི་ཤུལ་ལས་ འདེམས་ངོ་ཚུ་གིས་ ཁོང་རའི་ཁས་བླངས་གསལ་བསྒྲགས་ཚུ་ མི་སེར་ཚུ་ལུ་ གསལ་བཤད་འབད་ཡོདཔ་ད་ གྲོས་འཛོམས་ནང་ རྟ་སྡིང་རྒེད་འོག་གི་ མི་སེར་༣༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྟ་སྡིང་རྒེད་འོག་དེ་ བསམ་རྩེ་རྫོང་ཁག་ལས་ ཀི་ལོ་མི་ཊར་༧༤ གི་ས་ཁར་ཨིནམ་ད་ ཏཱུར་ས་གཙང་ཆུ་གི་ ཉེ་འདབས་ལུ་ཡོད་པའི་ ཨ་མོ་ཆུ་ཟམ་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་ རྐང་སྟོང་འགྱོ་དགོཔ་ཨིན་པས།
གྲོས་འཛོམས་དེ་ མཇུག་བསྡུ་བའི་ཤུལ་ལུ་ གཡུས་མི་མང་ཤོས་ཅིག་ ངལ་རངས་བསྐྱེད་ཐོག་ལས་ ལོག་རང་སོའི་ཁྱིམ་ནང་ སོང་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུ་བར་ནའི་ དབྱེ་བ་ཚུ་མ་ཤེས་པའི་ ཚོར་སྣང་བྱུང་ནུག།
སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༦༠ འབད་མི་ ཏཱལ་ བྷ་དུར་གྱིས་ སླབ་མིའི་ནང་ ཁོ་གིས་ ཚོགས་རྒྱན་ས་ཁོངས་ནང་སོང་སྟེ་ ཚོགས་རྒྱན་བཙུགས་དགོ་ཟེརཝ་མ་གཏོགས་ ཚོགས་རྒྱན་དེ་ ག་ཅི་གི་དོན་ལུ་ཨིན་ན་ མ་ཤེས་ཟེར་ཨིན་པས།
ཨིན་རུང་ ཁོ་གི་ཚོགས་རྒྱན་དེ་ ག་ལུ་བཙུགས་ནི་ཨིན་ན་ ཧེ་མ་ལས་ སེམས་ཐག་བཅད་ཚར་ཡོདཔ་བཞིན་དུ་ འདེམས་ངོ་དེ་ བཙག་འཐུ་འགྲུབ་སྟེ་ ཁོ་གི་གཡུས་ཁར་ ཞིང་ལམ་བཏོན་པའི་ རེ་བ་ཡོད་ཟེར་སླབ་ནུག།
གཡུས་མི་གཞན་ སྐྱེས་ལོ་༣༢ འབད་མི་ མཱན་ བྷ་དུར་གྱིས་ བཤད་མིའི་ནང་ འདེམས་ངོ་ཚུ་གི་གྲས་ལས་ ཁོ་གིས་༢ ངོ་ཤེས་དོ་ཡོདཔ་ལས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ མགུ་འཐོམ་སྟེ་ ཡོད་ཟེར་ཨིནམ་ད་ ཨིན་རུང་ ཁོང་༢ ལས་ གོང་འཕེལ་དང་ སྲིད་ཀྱི་ནང་ ཉམས་མྱོང་ཡོད་མི་དེ་ལུ་ར་ བཙུགས་དགོཔ་འོང་ཟེར་སླབ་ནུག།
འདེམས་ངོ་ཚུ་གིས་ གྲོས་འཛོམས་ཀྱི་སྐབས་ སྤྱིར་བཏང་གྲོས་འཛོམས་ཚུ་ནང་ མི་སེར་ལས་ ངོས་ལེན་ལེགས་ཤོམ་ བྱུང་ཡོདཔ་ལས་ རྒྱལ་ཁ་ག་གིས་འཐོབ་འོང་ག་ སླབ་མི་ཤེས་ནི་ཨིན་རུང་ རྒྱལ་ཕམ་གྱི་ཚ་གྱང་ཚུ་ མེད་ཟེར་སླབ་ནུག།
འདེམས་ངོ་ཚུ་གིས་འབད་བ་ཅིན་ ཁོང་གི་འགྲུལ་འཕྲིན་ཨང་གྲངས་ཚུ་ མི་སེར་ཚུ་ལུ་ སྤྲོད་པའི་ཤུལ་ལུ་ མི་སེར་ཚུ་གིས་ འགྲུལ་འཕྲིན་ཐོག་ལས་ ཁོང་ལུ་ རྒྱབ་སྐྱོརཡོད་ལུགས་ཚུ་ བཤད་མི་ཐོན་ཡི་ཟེར་སླབ་ནུག།
བསམ་རྩེ་རྫོང་ཁག་ནང་ རྒེད་འོག་༡༥ དང་ ཁྲོམ་སྡེ་༡ ཡོད་མིའི་གྲས་ལས་ རྒེད་འོག་༩ ལས་ གདམ་ངོ་ཚུ་ མ་ཐོནམ་ཨིན་པས།
ལྟ་རྟོག་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ ཚོགས་རྒྱན་ཚུ་ རང་སོའི་རྒེད་འོག་གི་ འདེམས་ངོ་ལུ་ར་ བཙུགས་ནི་ཨིནམ་ལས་ རྡོ་ཕུག་ཅན་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་མཐོ་ཤོས་༤,༣༣༥ ཡོདཔ་ལས་ ཆ་ཏར་པ་ཏི་ ཕུ་ཡེལ་གྱིས་ རྒྱལ་ཁ་འཐོབ་ནིའི་ གོ་སྐབས་འདུག་ཟེར་ཨིན་པས།
གོ་སྐབས་༢ པ་དེ་ པདྨ་གླིང་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༣,༢༣༩ ཡོདཔ་ལས་ དཱན་ཀུ་མར་ ག་ལེ་ལུ་ འདུག་ཟེར་ཨིན་པས།
དེ་གི་འོག་ལས་ འདེམས་ངོ་སངས་རྒྱས་མཁའ་འགྲོའི་རྒེད་འོག་ བསྟན་འབྲུ་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༣,༠༨༥ དང་ གཱ་ནེཤི་ གི་མེ་རེ་གི་རྒེད་འོག་ བསམ་རྩེ་ལུ་༢,༧༤༥ ན་ར་ཡཱན་ ད་ཧཱལ་གི་རྒེད་འོག་ འོད་གསལ་རྩེ་ལུ་༢,༤༥༣ ཁ་ར་ནཱན་ད་ དྷ་ཀཱལ་གྱི་རྒེད་འོག་ དན་ཅུ་ཁ་ལུ་༢,༤༡༥ དེ་ལས་ བསམ་རྩེ་ཁྲོམ་སྡེ་ནང་༧༠༢ ཡོདཔ་ད་ ཁྲོམ་སྡེའི་འདེམས་ངོ་དེ་ ཁྱུང་བདུད་ཚེ་རིང་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment