གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༧/༤/༢༠༡༣   ལྕོགས་གྲུབ་ཅན་ཚུ་གིས་ རྒྱལ་ཁ་འཐོབ་ཚུགས་པའི་རེ་བ།
༉ ཉིན་གྲངས་༦ གི་རྒྱབ་ལས་ རྒྱལ་ཡོངས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༦༧ ཡོད་མི་ལས་ རྫོང་ཁག་རེ་རེའི་དོན་ལུ་ འཐུས་མི་རེ་ བཙག་འཐུ་འབད་ནི་ཨིན།


དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ བཙག་འཐུ་གྲུབ་མི་ འཐུས་མི་༢༠ དང་ ཁྱད་ལྡན་གྱི་མི་ངོ་༥ གིས་ སྲིད་དང་འབྲེལ་བ་མེད་པའི་ གཙུག་སྡེ་ཅིག་དང་ འབྲུག་གི་སྤྱི་ཚོགས་ལམ་ལུགས་གསར་པའི་དོན་ལུ་ ཆ་ཤས་གཙོ་བོ་ཅིག་ཨིན་མི་ རྒྱལ་ཡོངས་ཚོགས་སྡེ་གཞི་བཙུགས་འབད་ནི་ཨིན་མས།
ད་རེས་ནངས་པ་ རྫོང་ཁག་མང་ཤོས་ཅིག་ནང་ར་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་འདྲེན་ཐོག་ དངོས་མཐོང་གི་ རྩོད་བསྡུར་ལས་རིམ་དང་ སྤྱིར་བཏང་གྲོས་འཛོམས་ཀྱི་ བསྐུལ་བསྒྲགས་ལས་རིམ་ཚུ་ ཧ་ལམ་མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་ལས་ འདེམས་ངོ་ཚུ་ལུ་ སྒོ་བཤལ་རྐྱབ་སྟེ་ ཚོགས་རྒྱན་ལྷང་ནི་གི་ ཉིནམ་༣ ༤ དེ་ཅིག་ལས་བརྒལ་མེདཔ་ཨིན།
འདས་པའི་བདུན་ཕྲག་དག་པ་ཅིག་ལས་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་དང་ རྩོད་བསྡུར་འབད་མི་ཚུ་ དངོས་མཐོང་རྒྱང་བསྒྲགས་དང་ གསར་ཤོག་གཉིས་ཆ་ར་གིས་ གནས་ཚུལ་རྒྱས་པར་ ཁྱབ་སྤེལ་འབད་བའི་ཁར་ མི་སྡེའི་བརྡ་བརྒྱུད་ནང་ཡང་ དུས་མཐུནམ་སྦེ་ གསལ་བཀོད་འབད་སར་ མཐོང་གསལ་བྱུང་ཡི།
རྒྱང་མཐོང་ནང་ རྩོད་བསྡུར་ཚུ་ དངོས་མཐོང་སྦེ་ མི་མང་ལུ་ གསལ་སྟོན་འབད་མི་དེ་གིས་ འདེམས་ངོ་ཁ་བདེ་དྲགས་དང་ ཁྱད་རིག་དང་ རིག་རྩལ་ཅན་ག་ཡོདཔ་ཨིན་ན་ མི་མང་གིས་ དབྱེ་དཔྱད་འབད་ནི་ལུ་ ཕན་ཁྱད་བྱུང་ཡོདཔ་ད་ འདེམས་ངོ་ལ་ལུ་ཅིག་གིས་ ཁོང་ལུ་ ལྕོགས་རིག་ཡོད་པའི་ གསལ་སྟོན་འབད་བའི་ཁར་ ཁ་བདེ་ལྕེ་བདེ་ཅན་ཚུ་གིས་ ཁོང་ལུ་ ཚོགས་རྒྱན་ག་ཅི་སྦེ་ བཙུགས་ནི་གི་ འོས་འབབ་ཡོདཔ་ཨིན་ན་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཡིད་ཆེས་འདྲོངས་བཅུག་ནུག།
འདི་འབདཝ་ལས་ རྒྱལ་ཁབ་ཀྱི་ བསྐྱར་ཞིབ་ཚོགས་ཁང་གི་དོན་ལུ་ འདེམས་ངོ་ལྕོགས་གྲུབ་ཅན་ བཙག་འཐུ་འབད་ནི་དེ་ འབྲུག་པའི་མི་སེར་ཡོངས་ལུ་ འགན་ཁུར་ཕོགཔ་བཞིན་དུ་ ཚེོགས་སྡེའི་འདེམས་ངོ་དེ་ ལྕོགས་གྲུབ་དང་ རྩ་བ་གསུམ་ལུ་ ཕན་ཐོགས་འབྱུང་ནི་ལུ་ མ་ལྟ་བར་ དགའ་དགའཝ་དང་ མཐུན་འགྱུར་གྱི་ དབང་ལུ་ཤོར་ཏེ་ ཚོགས་རྒྱན་བཙུགས་པ་ཅིན་ འཛོལ་བ་སྦོམ་བཟོ་ནི་གི་ ཉེན་ཁ་ཡོདཔ་ཨིན།
གལ་སྲིད་ ཚོགས་རྒྱན་བཙུགས་མི་ཚུ་གི་ ཁ་ཐུག་ལས་ རང་སོའི་ཐོབ་དབང་འདི་ ལྕོགས་གྲུབ་ཅན་ཚུ་ལུ་མིན་པར་ ཕོ་སྤུན་དང་ ཨང་ཅིན་ ཚ་བོ་ཚ་མོ་ཕོག་མི་ ཨམ་སྲུའི་ཧོངས་ལས་ མི་ཕོག་ལུ་ལྟ་སྟེ་ བསྟར་སྤྱོད་འབད་བ་ཅིན་ བཙག་འཐུ་གྲུབ་ཚར་བའི་བསྒང་ལས་ ཆ་མེད་གཏང་ཐབས་མེདཔ་ལས་ བསྐྱར་ཞིབ་ཚོགས་ཁང་གི་འགན་ཁུར་ གཞུང་གི་སྲིད་བྱུས་དང་ ཁྲིམས་ཡིག་ སྒྲིག་གཞི་ཚུ་ ཁྱད་རིག་ཅན་དང་ ཁྲིམས་མཐུན་སྦེ་ བསྐྱར་ཞིབ་འབད་མི་ཚུགས་ནི་དང་ མཐར་ཐུག་ལུ་ དེ་གི་འགྲམ་ཆ་འདི་ རྒྱལ་ཁབ་དང་ མི་སེར་ལུ་ ཕོག་ཉེན་ཡོདཔ་ཨིན།
རྒྱུ་མཚན་འདི་ལུ་བརྟེན་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ ཚོགས་རྒྱན་ཉིན་མར་ ང་བཅས་ཆ་ཁྱབ་ ཚོགས་རྒྱན་བཙུགས་པར་འགྱོཝ་ད་ རྒྱལ་ཁབ་དང་ མི་སེར་ལུ་ འདེམས་ངོ་ག་གིས་ ཕན་ཐོགས་འབྱུང་ཚུགས་ནི་མས་ག་ དབྱེ་དཔྱད་དང་ བསམ་ཞིབ་འབད་ཐོག་ལས་ རང་གི་ཐོབ་དབང་ཡོད་པའི་ ཚོགས་རྒྱན་ཚུ་ ཆུད་ཟོས་ལུ་ མ་གཏངམ་སྦེ་ བསྟར་སྤྱོད་འབད་དགོཔ་བཞིན་དུ་ ཚོགས་རྒྱན་གྱི་ གྱངས་ཁ་རྐྱབ་ནི་ འགོ་བཙུགས་པའི་བསྒང་ལས་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཚུ་ བཙག་འཐུ་འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ ཞུ་ནི་ཨིན།

No comments:

Post a Comment