གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་གྱི་ འདེམས་ངོ་༣ ལས་༢ དོ་འགྲན་ཅན་འོང་ནི།

༡༧/༥/༢༠༡༣   ༉ པདྨ་དགའ་ཚལ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་གསུམ་གྱི་ སྤྱིར་བཏང་གྲོས་འཛོམས་དེ་ ཁ་ཙ་ ངང་ལམ་དྲུང་ཁག་ ཆོས་འཁོར་གླིང་རྒེད་འོག་ལས་སྦེ་ མཇུག་བསྡུ་ཡོདཔ་བཞིན་དུ་ དོ་འགྲན་པ་༣ ལུ་ ཚོགས་རྒྱན་གྱི་ཉིནམ་ འགོ་བཙུགས་ནི་ལུ་ ཞག་གྲངས་༥ མ་གཏོགས་མེདཔ་ལས་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་ནི་བ་ ངལ་འཚོ་སྡོད་ནི་གི་ མནོ་བསམ་བཏངམ་ཨིན་པས།
ན་འཐན་འུ་སྡུག་སྟེ་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་མཚམས་འཇོག་འབད་ནི་སྦེ་ ཐག་བཅད་མི་ འདེམས་ངོ་པདྨ་དབང་ཕྱུག་དང་ ཤེས་རབ་རྒྱ་མཚོ་ དེ་ལས་ འཇིགས་མེད་རིག་འཛིན།


ན་ནོང་ལས་ ཚོགས་སྡེའི་འདེམས་ངོ་ པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་ར་ གནམ་མེད་ས་མེད་ འུ་སྡུག་ཡོདཔ་ལས་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་བར་ འགྱོ་མི་ཚུགས་ནི་མས་ཟེར་ཨིནམ་ད་ ཁོ་གིས་ གོམས་འདྲིས་ལྟ་སྐོར་སྐབས་ པདྨ་དགའ་ཚལ་གྱི་ གཡུས་ཚན་བརྒྱ་ཆ་༨༠ ལྷགཔ་ཅིག་ ལྟ་སྐོར་འབད་ཡོདཔ་ལས་ ངལ་འཚོ་ནི་གི་ དུས་ཚོད་ཅིག་ དགོ་ནི་མས་ཟེར་ སླབ་ཨིན་པས།
ཚོགས་སྡེའི་འཐུས་མི་བགྲེསཔ་ འཇིགས་མེད་རིག་འཛིན་གྱིས་འབད་བ་ཅིན་ སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་ནི་དེ་ འདེམས་ངོ་དང་ ཚོགས་རྒྱན་སྐྱུར་མི་གཉིས་ཆ་ར་ལུ་ དཀའ་ངལ་ཅན་ཅིག་ཨིན་མི་དེ་ཡང་ ད་རེས་ སོ་ནམ་གྱི་ ལཱ་འབད་བའི་ དུས་ཚོད་ཨིནམ་ལས་ བསྐུལ་བསྒྲགས་ནང་ ལོག་ལོག་འགྱོ་བ་ཅིན་ སོ་ནམ་པ་ཚུ་ལུ་ ལཱ་ལྟོ་ཆག་ནི་ཅིག་ལས་བརྒལ་ མི་འོང་ནི་མས་ཟེར་ཨིན་པས།
བདེ་ཆེན་གླིང་གི་འདེམས་ངོ་ ཤེས་རབ་རྒྱ་མཚོ་གིས་ གོམས་འདྲིས་ལྟ་སྐོར་རྒྱ་ཆེཝ་སྦེ་ མ་འབད་རུང་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་པའི་སྐབས་ རྒེད་འོག་ཆ་མཉམ་གྱི་ མི་སེར་ཚུ་དང་ ཕྱད་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ སླབ་ཨིན་པས།
ད་རིས་འབདཝ་ད་ སྤྱིར་བཏང་གྲོས་འཛོམས་དེ་ མཇུག་བསྡུ་ཡོདཔ་ཨིན་རུང་ པདྨ་དགའ་ཚལ་གྱི་ མི་སེར་ཚུ་གིས་ འདེམས་ངོ་གསུམ་ལས་ ག་བཙག་འཐུ་འབད་བ་ཅིན་ དྲག་ནི་ཨིན་ན་ གྲོས་བསྡུར་འབད་བའི་བསྒང་ཡོདཔ་ཨིན་པས།
ཚོགས་རྒྱན་སྐྱུར་མི་ ལེ་ཤ་ཅིག་གིས་ སླབ་མིའི་ནང་ འདེམས་ངོ་༣ ལས་ སྐྱེས་ལོ་༤༨ ལང་མི་ འཇིགས་མེད་རིག་འཛིན་གྱིས་ འདས་པའི་ལོ་༥ གི་རིང་ ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ལུ་ ཁོང་གི་ རྫོང་ཁག་ནང་ གོང་འཕེལ་གྱི་ ལས་སྣ་ལེ་ཤ་ཅིག་ར་ ལག་ལེན་འཐབ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ག་ར་གིས་ ངོ་ཤེསཔ་ཨིན་ཟེར་ཨིན་པས།
ཨིན་རུང་ ཚོགས་རྒྱན་སྐྱུར་མི་ གཞན་ཚུ་གིས་འབད་བ་ཅིན་ འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ པདྨ་དགའ་ཚལ་ལུ་ ལན་ཐེངས་མང་རབས་ཅིག་ ལྟ་སྐོར་ལུ་ འོང་ཡོད་རུང་ ཁོ་རའི་རྒེད་འོག་ ཤུ་མར་ལུ་མ་གཏོགས་ རྒེད་འོག་གཞན་ཚུ་ནང་ ལྟ་སྐོར་བརྒྱ་ལམ་རེ་ལས་བརྒལ་ མ་འབད་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ སྐྱེས་ལོ་༥༢ ལང་མི་ སེངེྒ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ འདེམས་ངོ་༣ ཆ་ར་  ན་འཐན་བརྟག་དཔྱད་འབད་ཞིནམ་ལས་ ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ཐག་བཏོག་ཚར་ཡི་ཟེར་ཨིན་པས།
འཐུས་མི་བགྲེསཔ་གི་ཐད་ལུ་ ཁོ་གིས་ ང་བཅས་ཀྱི་ དཀའ་ངལ་ཚུ་ ཤེས་རྟོགས་བྱུང་ཐབས་ལུ་ ག་ཅི་འབད་ཡོདཔ་ཨིན་ན་ ངེ་གི་ཁ་ཐུག་ལས་ བདེན་དཔྱད་འབད་བའི་ཁར་ འདེམས་ངོ་གསརཔ་༢ ཀྱི་ ལྕོགས་གྲུབ་ཚུ་ སྤྱིར་བཏང་གྲོས་འཛོམས་དང་ མི་མང་རྩོད་བསྡུར་ནང་ལས་ བསམ་ཞིབ་འབད་ཡི་ཟེར་ སེངྒེ་རྡོ་རྗེ་གིས་ སླབ་ཨིན་པས།
པདྨ་དགའ་ཚལ་ལུ་ གྲོང་གཡུས་མི་སེར་ཚུ་གིས་ བློ་སླབ་མི་ལུ་ ཉན་ལྟཝ་ད་ ཁོང་མང་ཤོས་ར་ ན་ནོང་གི་འདེམས་ངོ་ པདྨ་དབང་ཕྱུག་གི་ རྩོད་བསྡུར་དང་ གསལ་བཤད་འབད་མི་ལུ་ལྟ་སྟེ་ ངལ་རངས་བྱུང་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ འདེམས་ངོ་དེ་གིས་ ལག་ལེན་དངོས་བསྟར་དང་ འོས་འབབ་ཡོད་པའི་ ལོ་རྒྱུས་ཚུ་ སླབ་མས་ཟེར་ཨིན་པས།
ཨིན་རུང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ བདེ་ཆེན་གླིང་གི་འདེམས་ངོ་ སྐྱེས་ལོ་༢༨ ལང་མི་ ཤེས་རབ་རྒྱ་མཚོའི་སྐོར་ལས་ ག་ནི་ཡང་ སླབ་མི་བཏུབ་དོ་ཡོདཔ་ད་ ཁོ་རའི་རྒེད་འོག་ནང་སྡོད་དེ་ ཟླཝ་༩ ལྷགཔ་ཅིག་ སོང་ཡོདཔ་ལས་ ཡོངས་གྲགས་ཡོད་རུང་ རྒེད་འོག་གཞན་ཚུ་གི་ ཚོགས་རྒྱན་སྐྱུར་མི་ མང་ཤོས་ཅིག་གིས་ ངོ་མི་ཤེས་དོ་ཡོདཔ་ཨིན་པས།
སྤྱིར་བཏང་གྲོས་འཛོམས་ནང་ བློ་སྟོབས་མེད་པར་ གསལ་བཤད་འབད་མི་ལུ་ གཞི་བཞག་སྟེ་ མི་སེར་ཚུ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལུ་ ལྕོགས་གྲུབ་ཅན་ཡོདཔ་བཟུམ་སྦེ་ མ་མཐོང་ཟེར་ཨིན་པས།
ང་བཅས་ཀྱི་ འདེམས་ངོ་༣ ལས་ འཇོན་སྟབས་དང་ ལྕོགས་གྲུབ་ཅན་ག་ཡོདཔ་ཨིན་ན་ དབྱེ་བ་ཕྱེ་ཚུགས་ནི་ལུ་ ལཱ་ཁག་ཡོདཔ་ཨིན་རུང་ འདེམས་ངོ་གསརཔ་ཅིག་ དྲག་ནི་བཟུམ་མཐོངམ་མས་ཟེར་ སྐྱེས་ལོ་༤༣ ལང་མི་ ཆོས་གྲགས་ཀྱིས་ སླབ་ཨིན་པས།
དེ་ལས་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་སྐྱུར་མི་ཚུ་གི་ གྱངས་ཁ་ལུ་ ལྟ་བ་ཅིན་ འདེམས་ངོ་འཇིགས་མེད་རིག་འཛིན་དང་ པདྨ་དབང་ཕྱུག་༢ ཆ་ར་ ན་ནོང་-ཤུ་མར་འདེམས་ཁོངས་ནང་ལས་འབད་ནི་དེ་གིས་ ཚོགས་རྒྱན་༨,༢༡༠ བགོ་བཤའ་རྐྱབ་འགྱོ་ནི་ཨིནམ་ད་ མཁར་-གཡུ་རུང་འདེམས་ཁོངས་ནང་ ཚོགས་རྒྱན་སྐྱུར་མི་༩,༨༢༣ ཡོད་མི་དེ་ གྱངས་ཁ་མཐོ་ཤེས་ཨིན་རུང་ དེ་ནང་ལས འདེམས་ངོ་མེདཔ་ཨིན་པས།
འདེམས་ངོ་ཤེས་རབ་རྒྱ་མཚོ་གིས་ དོ་འགྲན་འབད་ནི་ཨིན་མི་ ངང་ལམ་འདེམས་ཁོངས་ནང་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་སྐྱུར་མི་༦,༡༥༣ ཡོདཔ་ད་ པདྨ་དགའ་ཚལ་རྫོང་ཁག་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་སྐྱུར་མི་བསྡོམས་༢༣,༦༢༡ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment