གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་གྱི་ ཚོགས་སྡེའི་འདེམས་ངོ་༣ གྱི་བར་ན་ རྩོད་བསྡུར་དམ་དམ་བྱུང་ཡོདཔ།

༡༨/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གི་བར་ན་ དྲི་བཀོད་ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ ས་གླིང་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༤༧ ལང་མི་ གནས་ཆུ་གིས་ སྔ་ཚང་གི་འདེམས་ངོ་ སྐྱེས་ལོ་༢༦ ལང་མི་ བསོད་ནམས་དབང་ཕྱུག་ལུ་ རྒྱལ་ཡོངས་ཀྱི་དམིགས་ཡུལ་ དགའ་སྐྱིད་དཔལ་འཛོམས་ཟེར་བའི་ གོ་དོན་དང་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ དམིགས་ཡུལ་དེ་ འགྲུབ་ཐབས་ལུ་ ཕྱག་ག་དེ་སྦེ་ ཞུ་ནི་ཟེར་དྲི་ཡི།
འདེམས་ངོ་གནས་ཆུ་དང་ བསོད་ནམས་དབང་ཕྱུག་ དེ་ལས་ ཚེ་རིང་དབང་ཆེན།


དེའི་ལན་ལུ་ བསོད་ནམས་དབང་ཕྱུག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་མི་དེ་ མི་སེར་ཚུ་ ཕུན་སུམ་ཚོགས་ཏེ་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་མི་དེ་ལུ་ གོ་ནི་ཟེར་ཨིནམ་མ་ཚད་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ དགའ་སྐྱིད་ཀྱི་དམིགས་དོན་འགྲུབ་ཐབས་ལུ་ མི་སེར་ཚུ་གི་དོན་ལས་ དཔལ་འབྱོར་གྱི་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
ན་རང་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༣༣ ལང་མི་ ཚེ་རིང་དབང་ཆེན་གྱིས་ གནས་ཆུ་གིས་ ལོ་༥ གི་རིང་ རྒྱལ་ཡོངས་ཚོགས་སྡེ་ནང་ ཕྱག་ཞུ་བའི་སྐབས་ལུ་ ཐད་ཀར་དུ་ ཁྲིམས་དང་ ཡང་ཅིན་ གོང་འཕེལ་གྱི་ཐོག་ལས་ མོང་སྒར་རྫོང་ཁག་གི་ མི་སེར་ཚུ་ལུ་ ཕྱག་དང་ཞབས་ཏོག་མ་འདྲཝ་ཅིག་ ག་ཅི་ཞུ་ཚུགས་ཅི་ཟེར་དྲུ་ཡི།
དེ་ལུ་ གནས་ཆུ་གིས་ ཁྲིམས་སྡེ་དང་ རྫོང་ཁག་ རྒེད་འོག་རྐྱངམ་གཅིག་གི་དོན་ལུ་མེན་པར་ རྒྱལ་ཡོངས་ཀྱི་འཕྲལ་ཕུགས་༢ ལུ་ཕན་པའི་ ཁྲིམས་བརྩམ་དགོཔ་ལས་ ལོ་༥ འི་རིང་ བཅའ་ཁྲིམས་༣༨ དེ་ཅིག་ ཆ་འཇོག་གྲུབ་ཚུགས་ཡོདཔ་མ་ཚད་ རྫོང་ཁག་གཞན་ཚུ་དང་ཕྱདཔ་ད་ གོང་འཕེལ་གྱི་ལཱ་དེ་ མོང་སྒར་རྫོང་ཁག་ནང་ འཆར་གཞི་ལས་ལྷག་སྟེ་ གྲུབ་འབྲས་ཐོན་ཏེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འདེམས་ངོ་ བསོད་ནམས་དབང་ཕྱུག་གིས་ ཚེ་རིང་དབང་ཆེན་གྱིས་ གསལ་བཤད་ནང་ གལ་སྲིད་བཙག་འཐུ་འགྲུབ་པ་ཅིན་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ཐབས་ལུ་ བརྩོན་ནི་ཟེར་སླབ་ཨིནམ་ད་ ཤེས་རིག་གི་སྤུས་ཚད་ ཡར་དྲག་གཏང་ཐབས་ལུ་ ཚོགས་སྡེ་ནང་ར་ བཅའ་མར་གཏོགས་དགོཔ་འདུག་ག་དང་ ཁོ་གི་བསམ་པ་ལས་འབད་བ་ཅིན་ སློབ་དཔོན་འབད་དེ་ སྤུས་ཚད་ཡར་དྲག་གཏང་ནིའི་བར་ན་ ཁྱད་པར་ཡོད་ག་ཟེར་དྲི་ཡི།
དེ་ལུ་ ཚེ་རིང་དབང་ཆེན་གྱིས་འབད་བ་ཅིན་ མ་གཞི་ སྤུས་ཚད་དེ་ སློབ་དཔོན་སྦེ་ཕྱག་ཞུ་རུང་ ཡར་དྲག་གཏང་ཚུགས་ཟེར་ཨིནམ་ད་ ཨིན་རུང་ སྤྱི་ཚོགས་ནང་ བཙག་འཐུ་གྲུབ་ཚུགས་མི་བཟུམ་ཅིག་ རྒྱལ་ཡོངས་ལུ་ ཕན་ཐོགས་མི་ཚུགས་ཟེར་ཞུ་མི་དེ་ཡང་ སློབ་དཔོན་སྦེ་ཕྱག་ཞུ་བའི་སྐབས་ལུ་ རང་གིས་མནོ་མི་དེ་ ལྷན་ཁག་དང་ འགོ་དཔོན་ཚུ་གིས་ ཉན་ནི་ཡང་ ལཱ་ཁག་འོང་ནི་ཨིནམ་ལས་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ཚོགས་ཁང་ནང་ གསུང་གྲོས་ཕུལ་ནི་གི་གོ་སྐབས་འཐོབ་ནི་ཨིནམ་ལས་ དེ་གིས་ རྒྱལ་ཡོངས་ལུ་ཕན་ཐོགས་ཚུགས་ཟེར་སླབ་ཅི།
ཚེ་རིང་དབང་ཆེན་གྱིས་ བསོད་ནམས་དབང་ཕྱུག་ལུ་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ དབུལ་ཕོངས་ཀྱི་དཀའ་ངལ་ཡོད་ལུགས་ཚུ་ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས་ཡོདཔ་ལས་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ དབུལ་ཕོངས་རྩ་མེད་གཏང་ཐབས་ལུ་ ཕྱག་ག་དེ་སྦེ་ ཞུ་ནི་ཟེར་བའི་ལན་ལུ་ དབུལ་ཕོངས་རྩ་མེད་གཏང་ཐབས་ལུ་ མི་སྡེའི་དཔལ་འབྱོར་ལྟེ་བ་ གཞི་བཙུགས་འབད་དེ་ མི་སེར་ཚུ་གིས་ སོ་ནམ་དང་སྒོ་ནོར་གྱི་ལཱ་ལུ་ སྤྲོ་བ་བསྐྱེད་ཐབས་འབད་ནི་ཟེར་བཤད་ཅི།
གནས་ཆུ་གིས་ ཚེ་རིང་དབང་ཆེན་ལུ་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་ལེ་ཤ་ཡོད་པའི་གྲས་ལས་༢ དེ་ཅིག་ གསལ་བཤད་འབད་དེ་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ དམིགས་ཡུལ་འགྲུབ་ཐབས་ ག་དེ་སྦེ་འབད་ནི་ཟེར་བའི་ལན་ལུ་ རྒྱལ་ཡོངས་ཀྱི་དམིགས་ཡུལ་ཅིག་ རྒྱལ་ཁབ་ནང་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་གཞུང་དེ་ ནུས་ཤུགས་ཅན་བཟོ་ནི་དེ་ཨིནམ་ལས་ ནུས་ཤུགས་ཅན་བཟོ་ཐབས་ལུ་ མི་སེར་ཚུ་གིས་ དམངས་གཙོའི་རིང་ལུགས་ནང་ བཅའ་མར་གཏོགས་ནི་དེ་ ཁག་ཆེ་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་དམིགས་ཡུལ་༢ པམ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཨིནམ་ལས་ དེ་འགྲུབ་ཐབས་ལུ་ མི་སེར་ཚུ་གིས་ དངོས་གཙོའི་ཐོག་ལུ་མེན་པར་ སེམས་གཙོའི་ཐོག་ལུ་ ལྟ་བ་བཟུང་སྟེ་ ཀ་ཆེན་༤ ཡོད་པའི་གྲས་ལས་ གཞུང་སྐྱོང་ལེགས་ལྡན་འགྲུབ་ཐབས་འབད་ནི་ཟེར་ཨིནམ་ལས་ གཞུང་སྐྱོང་ལེགས་ལྡན་དེ་ ལེགས་ཤོམ་སྦེ་ འགྲུབ་ཚུགས་པ་ཅིན་ གཞན་མི་ཀ་ཆེན་༣ དེ་ རང་བཞིན་གྱིས་ འགྲུབ་ཚུགས་ཟེར་ཨིན་པས།
བསོད་ནམས་དབང་ཕྱུག་གིས་ འདས་པའི་བཙག་འཐུ་ནང་ གནས་ཆུ་གིས་ མི་སེར་ཚུ་ལུ་ ཁས་བླངས་ལེ་ཤ་འབད་ཡོདཔ་ལས་ ཁས་བླངས་འབད་མི་ཚུ་ གྲུབ་ཚུགས་ཅི་ག་ གལ་སྲིད་ གྲུབ་མ་ཚུགས་པ་ཅིན་ ག་ཅི་ལུ་བརྟེན་ གྲུབ་མ་ཚུགས་པ་ཨིན་ན་ཟེར་དྲི་བའི་ལན་ལུ་ རྒྱལ་ཁབ་ཀྱི་རང་བཙན་དང་ བདེ་སྲུང་ལུ་ཕན་པའི་ཁྲིམས་༣༠ ལྷགཔ་ཅིག་ ཆ་འཇོག་གྲུབ་ཡོདཔ་ལས་ ཕན་ཐོགས་ཡང་ བྱུང་དང་འབྱུང་བཞིན་དུ་ཡོད་ཟེར་བཤད་ཅི་ མི་སེར་ཚུ་དང་ དེ་མ་ཚད་རི་དྭགས་སེམས་ཅན་ཚུ་གི་བར་ན་ སྟབས་མ་བདེཝ་ཐོན་མི་ཚུ་གི་ གསུང་གྲོས་གནང་སྟེ་ ད་རེས་ནངས་པ་ མི་སེར་ཚུ་ལུ་ གྲུབ་འབྲས་སྦོམ་བྱུང་དོ་ཡོད་པའི་ཁར་ མ་འོངས་པ་ལུ་ཡང་ གྲུབ་འབྲས་སྦོམ་འབྱུང་ཚུགས་ཟེར་ སླབ་ཡོད་བའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment