གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦ་སྒོར་སྤོ་བཤུད་འབད་བའི་ ཉེན་བཅོལ་ཐོབ་བརྗོད།

༡༨/༤/༢༠༡༣   ༉ པདྨ་དགའ་ཚལ་རྫོང་ཁག་ བཟོ་བལ་གཡུས་ཚན་ལས་ སོ་ནམ་པ་ མི་བཟང་དེ་ སྦ་སྒོར་སྤོ་བཤུད་འབད་བའི་ཤུལ་ལུ་ རྒེད་འོག་ལས་ ཉེན་བཅོལ་མ་དངུལ་གྱི་ ཐོབ་བརྗོད་བཀོད་རུང་ ད་ལྟོའི་བར་ན་ཡང་ བྱིན་མ་བཏུབ་མི་ལུ་བརྟེན་ བཟའ་ཚང་གསོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།


དེ་ཡང་ བཟོ་བལ་རྒེད་འོག་ནང་ སོ་ནམ་ཞིང་ལམ་ཚུ་ སེལ་བའི་བསྒང་ཡོདཔ་བཞིན་དུ་ སོ་ནམ་ཞིང་ལམ་ རྒྱ་བསྐྱེད་འབད་བའི་སྐབས་ མི་བཟང་གི་ ཁྱིམ་གྱི་སྦོ་ལོགས་ཁར་ ཕོག་མི་ལུ་བརྟེན་ རྫོང་ཁག་བདག་སྐྱོང་གིས་ ཁྱིམ་སྤོ་དགོ་པའི་སྐོར་ལས་ མི་བཟང་གི་གནས་ཚང་ པདྨ་གཡང་སྒྲོན་དང་གཅིག་ཁར་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ པདྨ་གཡང་སྒྲོན་གྱིས་འབད་རུང་ སྤོ་བཤུད་འབད་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རྫོང་བདག་ སྒོ་གླིང་ཚེ་རིང་གིས་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ནང་ པདྨ་གཡང་སྒྲོན་གྱིས་ ཁ་བཟེད་ཡོདཔ་བཞིན་དུ་ ཁྱིམ་སྤོ་མ་བཏུབ་མི་ལུ་བརྟེན་ རྫོང་བདག་ཁོ་ར་ བཟོ་བལ་གཡུས་ཚན་ནང་སོང་སྟེ་ ཞིབ་དཔྱད་འབད་ཞིནམ་ལས་ ཁྱིམ་སྤོ་བཤུད་འབད་དགོ་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༡ ལུ་ བཀའ་རྒྱ་གནང་མི་དང་འཁྲིལཝ་ད་ པདྨ་གཡང་སྒྲོན་གྱིས་ ཁྱིམ་སྤོ་བཤུད་འབད་ནི་སྦེ་ ཁ་བཟེད་ཡོད་རུང་ སྣང་མེད་བཞག་མི་དེ་གིས་ ཞིང་ལམ་བསལ་ནི་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་བྱུང་ཡོདཔ་ལས་ སྤྱི་ཟླ་༣ པའི་ཚེས་༣༠ གི་ནང་འཁོད་ལུ་ ངེས་པར་དུ་ ཁྱིམ་སྤོ་བཤུད་འབད་དགོཔ་སྦེ་ཨིན་པས།
གལ་སྲིད་ བཀའ་རྒྱ་ལུ་ ཆ་གནས་མ་འབད་བ་ཅིན་ གཞུང་གི་ལམ་ལུགས་ལྟར་ བཤུབ་གཏང་ནི་ཨིན་ཟེར་ རྫོང་བདག་གིས་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
རྫོང་ཁག་ལས་ བཀའ་རྒྱ་གནང་མི་དང་བསྟུན་ སྤྱི་ཟླ་༢ པའི་ནང་ བཟའ་ཚང་དེ་གིས་ ཁྱིམ་སྤོ་བཤུད་འབད་ཡོདཔ་ད་ སྤོ་བཤུད་འབད་ཚར་བའི་ཤུལ་ལས་ བཟོ་བལ་རྒེད་འོག་བདག་སྐྱོང་ལུ་ ཉེན་བཅོལ་འབད་མི་དེ་ ལོག་ཐོབ་བརྗོད་བཀོད་ ཞུ་ཡོད་རུང་ ངོས་ལེན་འབད་མ་བཏུབ་ལས་ བཟའ་ཚང་ལུ་ དཀའ་ངལ་སྦོམ་ཐོན་ཏེ་ཡོད་ཟེར་ མི་བཟང་གིས་ སླབ་ཨིན་པས།
དེ་ཡང་ ཁོ་གིས་ སྤྱི་ལོ་༢༠༡༡ དང་༢༠༡༢ ལུ་ གྲོང་གསེབ་ཀྱི་ སྡོད་ཁྱིམ་ཉེན་བཅོལ་གྱི་དོན་ལུ་ འཐུས་དངུལ་ཀྲམ་༦༠ རེ་ བཏབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༣ ལུ་ འཐུས་དངུལ་ཀྲམ་༢༥༠ བཏབ་ཡོདཔ་ཨིན་པས།
སྦ་སྒོར་རྐྱབ་ད་ ཉིནམ་༡༠ འགོར་ཡོདཔ་བཞིན་དུ་ ལཱ་འབད་མི་རེ་ལུ་ གླ་ཆ་དངུལ་ཀྲམ་༣༠༠ རེ་ སྤྲོད་མི་དེ་རྩིསཝ་ད་ བསྡོམས་དངུལ་ཀྲམ་༢༤,༠༠༠ གནས་ཡོདཔ་མ་ཚད་ ཤིང་ཆས་དང་ གཞན་ཅ་ཆས་ཚུ་རྩིསཝ་ད་ བསྡོམས་དངུལ་ཀྲམ་༣༠,༠༠༠ ལྷགཔ་ཅིག་ ཟད་འགྲོ་བཏང་ཡི་ཟེར་ མི་བཟང་གིས་ སླབ་ཨིན་པས།
བཟོ་བལ་རྒེད་འོག་གི་རྒཔོ་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ སྦ་སྒོར་སྤོ་བཤུད་འབད་བའི་མཐའ་མར་ བཟང་ཚང་དེ་གིས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་ཕུལ་ཏེ་ཡོད་པ་ཅིན་ རྒེད་འོག་ཡིག་ཚང་ནང་ ཞུ་ཡིག་གི་འདྲ་དང་ ཡིག་ཆ་ཚུ་ཡོདཔ་འོང་ཟེར་ཨིནམ་ད་ དེ་འབདཝ་ད་ རྒེད་འོག་ནང་ ཞུ་ཡིག་བཙུགས་ནི་ཕར་བཞག་ མི་ངོ་སྦེ་འོང་སྟེ་ སྙན་ཞུ་འབད་འབདཝ་མེདཔ་ལས་ འོས་འབབ་མེད་པའི་ ཉོགས་བཤད་ བཀོདཔ་མས་ཟེར་ཨིན་པས།
དེ་མ་ཚད་ རྒཔོ་ཁོ་ར་གིས་ སྤོ་བཤུད་མ་འབད་བའི་ སྔ་གོང་ལས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབདཝ་ད་ རྫོང་བདག་གིས་ ཁྱིམ་ལུ་ རྐྱེན་ངན་འབྱུང་པ་ཅིན་རྐྱངམ་གཅིག་ ཉེན་བཅོལ་འཐོབ་ནིའི་ འོས་འབབ་ཡོད་རུང་ ད་ལྟོ་ སྦ་སྒོར་དེ་ལུ་ རྐྱེན་ངན་བྱུང་བྱུངམ་མེདཔ་ལས་ ཉེན་བཅོལ་འཐོབ་ནིའི་ འོས་འབབ་མེད་པའི་སྐོར་ལས་ སླབ་ཅི་ཟེར་ པདྨ་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment